རང་ཞིང་གི་དཀའ་ངལ་མང་ཚོགས་ཁྲི59.6ཡིས་དུས་ཆེན་གཉིས་ཀྱི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར1.95མཉམ་སྤྱོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གྲོང་ཁྱེར་དང་གྲོབ་གསེབ་ཀྱི་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལས་དོན་སྔར་བས་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་མང་ཚོགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འབྲས་བུར་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ཟླ12པའི་ཚེས25ཉིན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་སྤྱི་ཚོགས་ཅན་གྱི་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་དུས་ཆེན་གཉིས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེ། རིམ་བསགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་མང་ཚོགས་ཁྲི59.6ལ་ཁྱོན་སྡོམ་མ་དངུལ་དུང་ཕྱུར1.95སྟེར་རྒྱུ་རེད།

ཞིང་ཆེན་སྲིད་གཞུང་གི་མོས་འཐད་བརྒྱུད་དེ། ཟླ12 ཚེས4 ཉིན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་ཐོག་དུས་ཆེན་གཉིས་སྐབས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་གཏོང་སྤྲོད་བྱ་རྒྱུ་སྐོར་གྱི་བརྡ་ཐོ་འགྲེམས་སྤེལ་བྱས་ཏེ།  ས་གནས་ཁག་གིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་མི་རེར་སྒོར400 རེ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་རེར་སྒོར300 རེ། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་རོགས་དངུལ་གྱི་ གཟིགས་སྐྱོང་བྱ་ཡུལ་གཙོ་བོ་དང་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ཡོན་རྒན་གྲས་མི་རེར་སྒོར་460 རེ་ཡི་ཚད་གཞི་ལྟར་དུས་ཆེན་གཉིས་ཀྱི་འཚོ་བའི་ཁ་གསབ་སྟེར་དགོས་པའི་བླང་བྱ་བཏོན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནི་རང་ཞིང་གིས་བསྟུད་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཆེན་གཉིས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་པའི་ལོ་བདུན་པ་ཡིན། དུས་ཆེན་གཉིས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་གནང་བར་ཚོར་མྱོང་བྱེད་དུ་བཅུག་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཇེ་མཐོར་སོང་ཡོད།དུས་མཚུངས་སུ་ས་གནས་ཁག་གི་དམངས་སྲིད་སྡེ་ཁག་གིས་ཡོངས་ཁྱབ་ཏུ་ཁྱིམ་ཚང་ལ་འདྲི་རྩད་དུ་བསྐྱོད་པ་དང་། ཆ་སྒྲིག་གཉེན་འཚོལ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་དགུན་དུས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་དང་། དེས་གཞི་རྩའི་འཚོ་བའི་དཀའ་ངལ་ཆེ་པོ་ཡོད་པའི་ཁྱིམ་ཚང་ལ་དུས་ཐོག་ཏུ་གནས་སྐབས་ཀྱི་རོགས་སྐྱོབ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་དཀའ་ངལ་ཐག་གཅོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་དགུན་བསྐྱལ་ནས་བློ་སེམས་བདེ་མོའི་ངང་དུས་ཆེན་རོལ་རྒྱུར་འགན་ལེན་བྱ་དགོས།

ལོ་ཙཱ་བ།གཡང་སྐྱིད།