རང་ཞིང་གི་གྲོང་ཁྱེར་གཅིག་དང་ཁུལ་གཉིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་རམ་ཁུལ་དུ་གྱུར་བ།

སྤྱི་ཟླ༡༢པའི་ཚེས༢༦ཉིན་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བར་ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་ཁུལ་གྱི་མིང་བསྩལ་བའི་གྲོས་ཆོད་ཡོངས་བསྒྲགས་བྱས་འདུག

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རང་ཞིང་གི་གྲོང་ཁྱེར་གཅིག་དང་ཁུལ་གཉིས་ཀྱི་གསར་འཛུགས་ལས་དོན་གྱིས་མཚོ་སྔོན་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེ་ཤོས་སུ་བསྐྲུན་པར་དཔེ་བཟང་བོ་ཞིག་བསྟན་ཡོད་པའི་མི་ཚད། རྒྱལ་ཡོངས་མི་རིགས་ལས་དོན་ལ་ཡང་ཉམས་མྱོང་རྩ་ཆེན་པོ་ཞིག་བསགས་ཞེས་གདེང་འཇོག་བྱས་འདུག  

གསར་འཛུགས་ཀྱི་ལས་རིམ་ཁྲོད་དུ། ཟི་ལིང་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་མཚོ་སྔོན་དུ་གཟིགས་ཞིབ་སྐབས་སུ་བཏོན་པའི་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་སྒོ་ཀུན་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་སྲོག་རྒྱུན་དུ་ཉར་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ཀྱིས་བརྟན་སྲུང་བྱས་ནས་སྤྱི་མཐུན་གྱི་མིག་རྒྱང་རིང་བོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ལས་དོན་ལ་ངོས་འཛིན་ཡག་པོ་བྱས་ནས་འཆར་འགོད་བཟོས་པ་དང་།  ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་འདིའི་བྱེད་ནུས་དང་གོ་བབ། མི་འབོར། སྒྲིག་གཞི་བཅས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས་བདེ་སྐྱིད་ཟི་ལིང་དང་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ལས་བཅུག་ཏེ། མི་རིགས་ཁག་བར་གྱི་འབྲེལ་འདྲིས་བརྗེ་སྤེལ་མཉམ་བསྲེས་ཀྱི་སྡིངས་ཆ་ཆེན་པོ་ཞིག་ཧུར་ཐག་གིས་བཙུགས།  ལྟེ་གནས་གྲོང་ཁྱེར་གྱི་ཤུགས་རྐྱེན་དང་སྐུལ་འཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།  འཕེལ་རྒྱས་གསར་བའི་བསམ་བློས་ཐོན་ལས་དང་གྲོང་ཁྱེར་གྱི་བཅོས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་བྱས་ནས་ཐོན་ལས་ཀྱི་རྟིང་གཞི་ཆེར་བསྐྱེད་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ཤུགས་མཐོར་འདེགས་མངོན་གསལ་བཏང་།    མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ།  ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་བསྣན་ནས་ཞིང་ཆེན་ལས་བརྒལ་བའི་མི་རིགས་ཆོས་ལུགས་མཉམ་ལས་མཉམ་འགུལ་གྱི་ནང་རྐྱེན་ལམ་ལུགས་བཙུགས།  གསར་འཛུགས་ཀྱི་ལས་གཙོ་བོ་དེ་གཞི་རིམ་གཏད་ཅིང་། སྟོབས་ཤུགས་གཞི་རིམ་དུ་བསྐྱེད་པ། ཐོན་ཁུངས་གཞི་རིམ་དུ་ཕྱོགས་པའི་ལས་རྒྱུན་བར་མ་ཆད་པར་བསྐྱངས་ཏེ། གཞི་རྟེན་གསར་གཏོད་དང་། ནང་དོན་རྒྱ་བསྐྱེད།  ཁྱད་ཆོས་སྔོག་འདོན་བཅས་གནད་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་ཕྱོགས་བསྡུས་ཕན་འབྲས་ཉིན་རེར་མངོན་གསལ་རེད།

མཚོ་ནུབ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སྤྱི་དང་།  ནང་སྒོས་སུ་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་གསུང་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཐུན་མོང་གཉིས་ཞེས་པའི་བརྗོད་གཞི་བྱང་ཆུད་པ་བྱས་ནས་གཅིག་གྱུར་འཆར་འགོད་དང་གསར་གཏོད་སྐུལ་སྤེལ། མི་ཡོངས་ནང་ཞུགས། མཉམ་འཛུགས་མཉམ་སྐྲུན་གྱི་ལམ་ནས་འཕེལ་རྒྱས་གསར་བའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་འབྱུང་བའི་གོམ་སྟབས་ཇེ་བརྟན་དུ་བཏང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མངོན་གསལ་ཡིན།    མི་རྩ་བར་བཟུང་ནས་དམངས་ཚིས་ཡག་ལ་བདེ་སྐྱིད་ཡོང་བར་ཤུགས་བསྣན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་མི་མཐུད་ནས་ཇེ་ལེགས་སུ་བཏང་ཡོད། རིག་གནས་ཀྱི་ཁས་ལེན་རྒྱུན་འཁྱོངས་དང་སྲོལ་རྒྱུན་ཡག་པོ་དར་སྤེལ་བཏང་སྟེ་མི་རིགས་ཁག་ཐུན་མོང་གི་སེམས་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་བྱུང་བའི་ཕན་བདེ་མང་པོ་ཞིག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་ཇེ་དམ་དུ་བཏང་ཡོད་པ་བཅས་མཚོ་ནུབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་མཐོ་ཚད་གསར་བ་ཞིག་ལ་སྐུལ་འདེད་བཏང་ཡོད།

མཚོ་ལྷོ་ཁུལ་གྱིས་ཐུན་མོང་གཉིས་ཞེས་པའི་བརྗོད་དོན་དམ་འཛིན་བྱས་ནས་འཕེལ་རྒྱས་ཐོད་བརྒལ་དང་། དམངས་ཚིས་ལེགས་བཅོས། སྣོད་བཅུད་སྲུང་སྐྱོབ་ཀྱིས་སྣེ་འཁྲིད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་བར་མ་ཆད་པར་ཇེ་མཐོར་སོང་།  བསམ་བློའི་སློབ་གསོ་དང་མི་རིགས་རིག་གནས་དར་སྤེལ་གྱི་ཁྲིད་སྟོན་ལ་བརྟེན་ནས་མི་རིགས་ཁག་ལ་ཡོད་པའི་ཐུན་མོང་གི་སེམས་ཀྱི་གཞིས་ཁྱིམ་ཡག་པོ་བསྐྲུན།  ནང་རྐྱེན་ལམ་ལུགས་གསར་འཛུགས་དང་ཁྲིམས་སྐྱོང་འགན་སྲུང་དམ་འཛིན་བྱས་ནས་ཁྱོན་ཡོངས་ལ་ཁེབས་ཅིང་མང་ཚོགས་ཡོངས་ནང་ཞུགས་ཀྱི་གསར་འཛུགས་རྣམ་པ་ཆགས།  ཏང་འཛུགས་སྐྱོང་གིས་གསར་འཛུགས་ལ་སྣེ་འཁྲིད་དང་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་དེང་རབས་ཅན་དུ་ཕྱོགས་པར་སྐུལ་སྤེལ་བྱ་བ་ལས་ཀུན་གྱི་གཙིགས་སུ་བཟུང་ཐོག  མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་དཔེ་སྟོན་གྱི་དོན་སྙིང་དང་མཚོན་བྱེད་ཀྱི་ནུས་པ་གང་ལེགས་བཏོན་ཡོད།

 མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྒྱུན་ལྟ་བུ་ཡིན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་མགོ་ལས་མཇུག་ཡོད་མ་ཡིན། འབྱུང་འགྱུར་གྱི་ལས་ཀའི་ཁྲོད་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱིས་ཚུལ་འདི་འགོ་ཚུགས་སར་བརྩིས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཉིས་ལ་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་འདྲ་ཞིང་། གཅིག་སེམས་གཅིག་ལ་བརྒྱུས་ནས་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དགོས་པའི་དམིགས་འབེན་དམ་འཛིན་དང་།  ཀྲུང་ཧྭ་མི་རིགས་ཐུན་མོང་གི་སྐྱིད་སྡུག་མཉམ་བཞེས་ཀྱི་འདུ་ཤེས་ཇེ་དྲག   ཀྲུང་ཧྭ་མི་རིགས་ཀྱི་སེམས་ཤུགས་གཅིག་ཏུ་བསྡུ་བའི་སྟོབས་ཤུགས་ཆེར་བསྐྱེད་བྱས་ཐོག  གསར་འཛུགས་ཀྱི་གྲུབ་འབྲས་དེ་བས་ཇེ་བརྟན་དུ་བཏང་ནས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཐད་བསམ་བློ་གསར་བ་དང་བྱེད་ཐབས་གསར་བ། ཐབས་ཤེས་གསར་བ་སྤྱད་དེ།  དཔེ་སྟོན་གྲོང་ཁྱེར་རམ་ཁུལ་གྱི་ནུས་པ་འདོན་གང་ལེགས་བྱེད་དགོས།

ལོ་ཙཱ་བ། ཁོན་ཐར་འཚོ།