བོད་ལྗོངས་ཀྱིས་2018ལོར་པེ་ཅིང་ཨོ་རྩལ་འགྲན་ཚོཊ་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱས་ནས་ལོ་བཅུ་འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། 2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་རྒྱུག་མཐུད་བརྒྱུད་སྤྲོད་བྱས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་ཆེད། བོད་ཀྱིས་2018ལོར་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཀྲུང་གོའི་རི་འཛེག་ཁང་ཕྱིའི་རིག་གནས་འགྲེམས་སྟོན་དང་། ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་ཀྱི་རླབས་ཆེའི་བྱ་གཞག་ཕྱིར་དྲན་བཅས་བྱ་རྒྱུ་དང་ཆབས་ཅིག 2022ལོར་འཚོག་རྒྱུའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དྲིལ་བསྒྲགས་ཀྱང་བྱ་རྒྱུ་རེད།

ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། རིམ་སྤེལ་དྲན་གསོའི་བྱེད་སྒོ་སྐབས་རིམ་བྱུང་གི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱ་ཁྱབ་བརྡ་སྦྱོར་གཅེས་ཉར་འགྲེམས་སྟོན་གྱི་རྣམ་པར་བརྟེན་ནས་སྤེལ་རྒྱུ་ཡིན་ཞིང་། ཨོ་རྩལ་འགྲན་ཚོགས་ཀྱི་སྐོར་བཀོད་པའི་རྒྱ་ཁྱབ་བརྡ་སྦྱོར་ཆིག་སྟོང་ལྷག་ཙམ་ལྷ་ས་ཚེ་རིང་མཆེད་ལྔ་རི་འཛེག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱ་རྒྱུ་དང་། ཇོ་མོ་གླང་མའི་གཙང་སེལ་བྱ་སྤྱོད་དང་ཀྲུང་གོ་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་དྲུག་པ་སོགས་སྲོལ་རྒྱུན་གྱི་རི་འཛེག་བྱེས་བགྲོད་བྱེད་སྒོའང་དུས་བཀག་བཞིན་སྤེལ་རྒྱུ་མ་ཟད། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་མཁན་བྱེད་སྒོའི་འགན་ལེན་དང་སྒྲིག་འཛུགས་ལ་ཞུགས་རྒྱུ་ཡིན་པ་དང་འབྲེལ་བྱེས་བགྲོད་ལུས་རྩལ་ལ་དགའ་པོ་བྱེད་མཁན་དཀྱུས་མ་དང་མཉམ་དུ་གངས་རིའི་ཐོག་གི་ཨོ་རྩལ་དྲན་འཆར་མཉམ་སྤྱོད་བྱ་རྒྱུའང་རེད།

2008ལོའི་ཟླ་5ཚེས་8ཉིན། པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཐོན་པའི་འཆར་གཞི་ལྟར་འཛམ་གླིང་གི་རི་བོ་མཐོ་ཤོས་ཏེ་ཇོ་མོ་གླང་མའི་རི་རྩེར་བསྐྱལ་ཅིང་། ཀྲུང་གོ་དཔལ་འབར་བ་གཙོ་བོ་ཝང་ཡུང་ཧྥུང་དང་། ཉི་མ་ཚེ་རིང་། སྐྱིད་སྐྱིད། ཧོང་ཁྲུན་ཀུའེ། ཚེ་རིང་དབང་མོ་བཅས་ཀྱིས་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་བརྒྱུད་སྤྲོས་བྱས་པ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གོ་ལའི་ཡང་རྩེར་སྐྱེལ་ཐེངས་དང་པོ་རེད། རི་རྩེར་གྲུབ་འབྲས་ཐོན་པའི་ངང་བསྐྱལ་རྗེས་ཀྱི་དཔལ་འབར་དང་མེ་སོན་རི་རྩེ་ནས་ཕྱིར་འཐེན་བྱས་རྗེས་ནང་སར་བརྒྱུད་སྤྲོད་བྱེད་པའི་མེ་སོན་ཨ་མ་དང་མཉམ་འཛོམས་བྱས་པ་རེད།