ལྷ་མོ་དོན་གྲུབ་ལ་ཝན་ཧྥེུང་ལིན་རྒྱལ་སྤྱིའི་གློག་བརྙན་ཐུང་གྲས་ཀྱི་དགྱེས་ཚོགས་ཁྲོད་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་ཐོབ།

རི་མོ་ནི་ལྷ་མོ་དོན་འགྲུབ་ཀྱིས་བྱ་དགའ་ལེན་བཞིན་པ་ཡིན།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་12ཚེས་21ཉིན་གྱི་དགོང་མོར། སྐབས་གསུམ་པའི་ཝན་ཧྥེུང་ལིན་རྒྱལ་སྤྱིའི་གློག་བརྙན་ཐུང་གྲས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཀུའེ་ཀྲོའུ་ཆན་ལྷོ་ནུབ་ཀྲུའུ་ནས་འཚོགས། ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་དོན་འགྲུབ་ཀྱིས་《དགུན་གཞུང་རིང་མོ》ཞེས་པར་བརྟེན་ནས་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་བླངས།


རི་མོ་ནི་ཨ་རིའི་དར་གོས་བརྙན་ཡོལ་གྱི་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་ཧ་ལི་སིས་ལྷ་མོ་དོན་འགྲུབ་ལ་བྱ་དགའ་སྤྲོད་བཞིན་པའི་ཚུལ་ཡིན།

བྱ་དགའ་ཐོབ་རྗེས། ལྷ་མོ་དོན་འགྲུབ་ཀྱིས། ཁྱིམ་མི་རྣམ་པ་དང་གློག་བརྙན་འཁྲབ་སྟོན་ཚོགས་པ་ལ་བཀའ་དྲིན་སྙིང་ནས་ཞུ། ཁྱེད་ཅག་མེད་ཚེ། གློག་བརྙན་འདི་ཡང་ལེགས་འགྲུབ་བྱུང་ཐབས་ཡེ་ནས་མེད་ཟེར།


རི་མོ་ནི་ལྷ་མོ་དོན་གྲུབ་ཀྱིས་གཟེངས་བསྟོད་བུམ་པ་དང་བྱ་དགའི་དཔང་ཡིག་ཡིན།


《དགུན་གཞུང་རིང་མོ》ཞེས་པ་ནི་གཟེབ་གྲུག་ལ་ཤིན་ཏུ་དགའ་བའི་རྡོ་ལོ་སློབ་གྲྭར་འབྱོར་རྗེས་སློབ་གླིང་གི་གཟེབ་གྲུག་འགྲན་ཚོགས་ཤིག་ལ་ཞུགས་དགོས་པ་དང་། ཁོས་ཕུ་བོར་གྲོང་ཁྱེར་དུ་ཕྱིན་ནས་རང་ཉིད་ལ་གཟེབ་གྲུག་རྐང་ལྷམ་ཞིག་ཉོ་རུ་བཅུག ཡིན་ནའང་། ཕུ་བོ་ནི་ལམ་ཁར་དོན་རྐྱེན་གྱིས་འདས་གྲོངས་བྱུང་བས། རྡོ་ལོ་འགྱོད་སེམས་གཏིང་ནས་སྐྱེས་ཏེ། ཡིད་སེམས་རབ་ཏུ་ནོངས་པའི་གཏམ་རྒྱུད་བརྗོད་ཡོད།

ཤེས་གསལ་ལྟར་ན། ཝན་ཧྥེུང་ལིན་རྒྱལ་སྤྱིའི་གློག་བརྙན་ཐུང་གྲས་ཀྱི་དགྱེས་ཚོགས་ནི་དེ་སྔོན་ཐེངས་གཉིས་ལ་སྤེལ་མྱོང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་ཁུངས་ཀྱིས་ངེས་ཟིན་ཐོབ་ཅིང་། ཁྱད་ཆོས་མངོན་གསལ་ལྡན་པའི་ཀྲུང་གོའི་གློག་བརྙན་ཐུང་གྲས་རིགས་ལ་བྱ་དགའི་དཔྱད་འདེམས་དང་བསམ་བློ་བརྗེ་རེས་བྱས་ཏེ། ཀྲུང་གོའི་གློག་བརྙན་བརྩམས་ཆོས་དར་སྤེལ་དང་། ཁྱད་པར་དུ་ཀྲུང་གོའི་སློབ་ཆེན་གྱི་གློག་བརྙན་ཐུང་གྲས་རིགས་དེ་ཕྱི་རྒྱལ་དུ་སྐད་གྲགས་ཆེ་རུ་གཏོང་བ་དེ་ཡིན་པ་མ་ཟད། ཀྲུང་གོའི་གློག་བརྙན་རིག་གནས་རྒྱལ་སྤྱི་ཅན་དང་སྨྱན་གཟུགས་ཡོངས་ལ་འོས་སྦྱོར་བྱེད་པ་དེ་ཡིན།

སྐབས་འདིའི་གློག་བརྙན་ཐུང་གྲས་རིགས་ཀྱི་འགྲན་བསྡུར་ལ་གློག་བརྙན་བརྩམས་ཆོས་3400ཞུགས་ཡོད་ལ། དེའི་ཁྲོད་དུ་ཀྲུང་དབྱང་བརྙན་འཕྲིན་ཁང་འདུས་པའི་སྤྱི་ཚོགས་ཀྱི་རིགས་སོ་སོའི་གློག་བརྙན་གསར་རྩོམ་མཁན་རྣམས་དགྱེས་ཚོགས་འདིར་ཞུགས་ཡོད།  དགྱེས་ཚོགས་འདིར་གཏམ་རྒྱུད་རང་བཞིན་ཅན་དང་། དངོས་བྲིས་རང་བཞིན་ཅན། སློབ་གསོ་དྲིལ་བསྒྲགས་རང་བཞིན་ཅན། བརྙན་ཐུང་རིགས། སློབ་ཆེན་གྱི་སྡེ་བཅས་ལ་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་བགར་ཡོད་པ་མ་ཟད། འཁྲབ་ཁྲིད་པ་རྩེ་གྲས་དང་། གློག་བརྙན་སྒྲིག་སྦྱོར་བ་རྩེ་གྲས། གསར་གཏོད་རྩེ་གྲས་བཅས་ཀྱི་བྱ་དགའ་སྣ་རྐྱང་ཅན་བགར་ཡོད།

དེ་སྔའི་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཁོངས་མི་དང་། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་འགོ་པ། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཀྲང་ཀྲེན་ཧྭ། རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། སྐབས་འདིའི་ཝན་ཧྥེུང་ལིན་གློག་བརྙན་ཐུང་གྲས་ཀྱི་དཔྱད་འདེམས་ཀྲུའུ་ཞི་ལིང་ཡེ་ཧྥུ། ཨ་རིའི་དར་གོས་བརྙན་ཡོལ་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་ཧ་ལི་སི། ཨ་རི་དང་ཀྲུང་གོའི་རིག་གནས་བརྗེ་རེས་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཏི་ཧྥུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གྱི་གསར་འགྱུར་དང་ཁྱབ་སྤེལ་ཞིབ་འཇུག་ཁང་གི་འཛམ་གླིང་སྨྱན་སྦྱོར་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ལིན་སུང་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད།