སྤྱི་ལོ་༢༠༡༨ལོའི་ཟླ་༡པོའི་ཚེས༡ཉིན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་སྲུང་ཁྲལ་བསྡུ་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱ་རྒྱུ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ས་ཁྲལ་ཅུས་ནས་ཤེས་གསལ་ལྟར་ན། ༢༠༡༨ལོའི་ཟླ༡པོའི་ཚེས༡ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཁྲལ་བསྡུ་བཅའ་ཁྲིམས་དེ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལ། དེ་ནི་ཁྲལ་རིགས་གསར་ཤོས་ཤིག་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་འདི་ནས་བསྡུ་རྒྱུ་ཡིན་པའི་མཚོན་རྟགས་རེད།

ཁོར་སྲུང་ཁྲལ་བསྡུ་བཅའ་ཁྲིམས་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྲལ་བསྡུའི་ཁྲིམས་སྲོལ་གྱི་རྩ་དོན་ཞེས་པ་བཏོན་རྗེས་སུ་ཐོག་མར་གཏན་ལ་ཕབ་པའི་ཁྲལ་བསྡུ་བཅའ་ཁྲིམས་ཤིག་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་དཔལ་ཡོན་དར་སྤེལ་ལ་སྐུལ་སྤེལ་གྱི་ཕྱིར་དུ་བཅོས་པའི་ཁྲལ་བསྡུའི་བཅའ་ཁྲིམས་ཤིག་ཡིན་པས་མཚོ་སྔོན་ལ་མཚོན་ན་དོན་སྙིང་གལ་ཆེན་པོ་ལྡན། ཁོར་སྲུང་དཔྱ་ཁྲལ་ནི་གཙོ་བོ་འབག་བཙོག་བཟོ་མཁན་དང་ཁོར་ཡུག་གཏོར་བརླག་བྱེད་མཁན་གྱིས་ངེས་པར་དུ་འགན་འཁུར་དགོས་པའི་འབག་བཙོག་བཅོས་སྐྱོང་དང་བརླག་པ་སླར་གསོ་བྱེད་པའི་མ་རྩ་ཡིན།  ཁྲལ་བསྡུ་བཅའ་ཁྲིམས་དེ་རང་ཞིང་དུ་ལག་བསྟར་བྱས་ན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱིས་འབད་པའི་ནུས་གྲོན་ཉུང་འབུད་དང་འབག་བཙོག་ཉུང་གཏོང་ལ་ཁྲིད་སྟོན་དང་། ཁོར་སྲུང་བཙོག་བཟོ་དང་སྣོད་བཅུད་གཏོར་བརླག་ལ་བཀག་འགོག་བྱེད་ཐུབ་པས།  ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱི་བརྗེ་བསྒྱུར་རིམ་སྤར་ཇེ་མགྱོགས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་དང་འཕེལ་སྟངས་བཅོས་སྒྱུར་ལ་སྐུལ་འདེད།  ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་སྲུང་དང་སྣོད་བཅུད་དཔལ་ཡོན་དར་སྤེལ་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་བཅས་མི་དང་རང་བྱུང་འཆམ་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ལ་ཕན་པ་ཆེན་པོ་ལྡན།

ཤེས་གསལ་ལྟར་ན། ཞིང་ཆེན་ས་ཁྲལ་ཅུས་དང་ཞིང་ཆེན་ཁོར་སྲུང་ཐིང་གཉིས་ཀྱིས་འབྲེལ་ཡོད་ཁྲལ་བསྡུའི་ཆ་འཕྲིན་མཉམ་སྤྱོད་དང་ལས་བགོས་ནང་རྐྱེན་ལམ་ལུགས་བཙུགས་ནས་ཁོར་སྲུང་ཁྲལ་བསྡུ་དོ་དམ་མཐུན་སྦྱོར་ནང་རྐྱེན་ལམ་ལུགས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་ཅིང་།  ཁྲལ་བསྡུ་དོ་དམ་གྱི་གཞི་གྲངས་དང་ཡིག་ཚགས་ལ་སོགས་པའི་རྒྱུ་ཆ་རྩིས་སྤྲོད་རྩིས་ལེན་བྱས་པ་མ་ཟད། ཕན་ཚུན་འབྲེལ་སྦྱོར་གྱི་དྲ་རྒྱ་བཙུགས་ནས་ཁོར་སྲུང་ཁྲལ་བསྡུ་ཐོག་མར་འགོ་ཚུགས་པ་ལ་རྨང་གཞི་བརྟན་པོ་བཏིངས།  
         རང་ཞིང་གི་ས་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན།  ཁོར་སྲུང་སྡེ་ཚན་གྱིས་བསྡུ་བའི་བཙོག་འབུད་ཀྱི་གྲོན་དངུལ་དེ་རྗེས་མ་ཁྲལ་དོན་ལས་ཁུངས་ཀྱིས་བསྡུ་རྒྱུ་ཡིན་པས།  ཁྲིམས་འཛིན་གྱི་གཟབ་ནན་རང་བཞིན་ཇེ་དྲག་ཏུ་བཏང་ནས་ཁེ་ལས་ཀྱི་བཙོག་བཅོས་ཉུང་འབུད་ཀྱི་འགན་འཁྲི་ལ་ཤུགས་བསྣན་རྒྱུ་རེད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།