ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་དུས་ཆེན་གཉིས་སྐབས་ཀྱི་འབྲེལ་ཡོད་བརྡ་ཐོ་བཏང་བ།

ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་རང་ཞིང་གི་༢༠༡༨ལོའི་ལུགས་གསར་དང་ལུགས་རྙིང་ལོ་གསར་དུས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བཀོད་སྒྲིག་སྐོར་གྱི་བརྡ་ཐོ་བཀྲམས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་བར་མ་ཆད་པར་འཕྱུར་བ་དང་། མི་དམངས་མང་ཚོགས་ཀྱི་ལོ་གསར་བ་བསུ་བའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བ།  ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པའི་རིག་གནས་ཀྱི་དགོས་མཁོ་ཅི་རིགས་བསྐང་ཅི་ཐུབ་བཅས་བྱས་ནས་དགའ་བདེའི་དཔལ་གྱིས་ཁེངས་པའི་བཀྲ་ཤིས་མཉམ་འཛོམས་ཀྱི་དུས་ཆེན་བསུ་བའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་བརྡ་སྦྱོར་བཀྲམས་ནས་རང་ཞིང་གི་༢༠༡༨ལོའི་ལུགས་གསར་དང་ལུགས་རྙིང་གི་ལོ་གསར་བསུ་བའི་སྐབས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་།  ༢༠༡༨ལོའི་ལུགས་གསར་དང་ལུགས་རྙིང་གི་ལོ་གསར་བསུ་བའི་དུས་སུ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་དུས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་སྙིང་བོར་དང་།   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་བཅས་སུ་བཟུང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ནང་བཞིན་དུ་སྲིད་གཞུང་གིས་གཙོ་ཁྲིད་དང་། དམངས་ཡོངས་ནང་ཞུགས། གོང་འོག་མཉམ་འབྲེལ།  རིག་གནས་དམངས་ཕན།   དངོས་སྒྲུབ་གྲོན་ཆུང་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་ཞུགས་ལ་སྐུལ་སློང་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་སུའུ་ནེ་ཏེ་ཡོ་ཆི་ཝུའུ་ལན་མུའུ་ཆི་ལ་ཡིག་ལན་སྤྲིངས་པའི་སློབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་འཁྱོལ་བྱས་ཏེ། གཞི་རིམ་ལ་ཁ་ཕྱོགས་ཞིང་མང་ཚོགས་ལ་ཞབས་ཞུ་རྒྱུན་འཁྱོངས་བྱས་ནས་རིམ་ཁག་རིག་གནས་སྡེ་ཚན་གྱིས་དམངས་ཕན་དང་། དམངས་བདེ། དམངས་སྤྲོ་ཡི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བར་འཁྲིད་སྟོན་གྱིས་ཞིང་ཆེན་ཡོངས་སུ་དགའ་བདེ་དཔལ་ལ་མཉམ་རོལ་བྱེད་པའི་དུས་ཆེན་གྱི་ཁ་དབུགས་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བྱེད་སྒོ་སྤེལ་བའི་ཁྲོད་དུ།  ཞིང་ཆེན་ཐད་གཏོགས་རིག་གནས་ལས་ཁུངས་ཀྱིས་སོ་སོའི་ཐུན་མིན་གྱི་བྱེད་ནུས་དགེ་མཚན་བཏོན་ནས་རིག་གནས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་རྒྱ་ཆེར་སྤེལ། ཞིང་ཆེན་རིག་གནས་ཁང་གིས་རྫོགས་དུས་སུ་ཐོག་མའི་སེམས་འདུན་མ་བོར་བར་བསྟོད་པ་དང་། མཚོ་སྔོན་གྱི་དཀའ་ངལ་ཁྱད་བསད་ཀྱི་མདུན་སྐྱོད་ལ་བསྔགས་བརྗོད་བྱེད་ཅེས་པའི་རི་མོ་འགྲེམ་སྟོན་དང་། ཟློས་གར་ཤང་དུ་འཁྲབ་པ།  དགའ་དགའ་སྤྲོ་སྤྲོའི་ལོ་གསར་གཏོང་ལ་སོགས་པའི་རིག་གནས་བྱེད་སྒོ་སྤེལ། ཞིང་ཆེན་དཔེ་མཛོད་ཁང་གིས་ལྟ་ཀློག་གི་མཚོ་སྔོན། དམངས་ཡོངས་དཔེ་ཀློག་ཅེས་པ་བརྗོད་གཞིར་བཟུང་ནས་མ་བུ་དཔེ་ཀློག་དང་། གཏམ་རྒྱུད་བརྗོད་པ། ཀློག་པ་པོའི་བཞུགས་མོལ། དཔེ་མཛོད་ཁང་གི་འཆད་ཁྲིད།  ཀྲུང་གོའི་རིག་གཞུང་ཀློག་སྦྱོང་ལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ། ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས་རྟེན་རྫས་གསར་རྙིང་གི་རྣམ་གྲངས་ཤིག་གཉེར་ནས་མཚོ་སྔོན་གྱི་ལུགས་རྙིང་ལོ་གསར་གྱི་འབྲེལ་ཡོད་དམངས་སྲོལ་གྱི་རིས་འབྲི་དཔར་གསུམ་ལ་ཉམས་ལེན་དང་། ལོ་སར་བསུ་བའི་བྱིས་པའི་ལྒང་ཞུ་སྒྲིག་བཟོ་ལག་རྩལ་ཉམས་ལེན་ལ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་འབྲེལ་ཡོད་རིག་གནས་ལས་ཁུངས་སོ་སོས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། 

གྲོང་ཁྱེར་དང་ཁུལ། རྫོང་བཅས་ཁག་གི་རིག་གནས་སྡེ་ཚན་གྱིས་ཀྱང་ས་གནས་ཀྱི་རིག་གནས་ཐོན་ཁུངས་ལ་གཞི་བཅོལ་ནས་ས་གནས་ཀྱི་ཁྱད་ཆོས་མངའ་བའི་རིག་གནས་ཀྱི་ལེ་ཚན་མང་པོ་ཞིག་གསར་དུ་བསྒྲིགས་པ་དང་། ས་གནས་ཀྱི་རིག་རྩལ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཤང་དང་གྲོང་ཚོ། སྡོད་ཁུལ། བཟོ་གྲྭ།  སློབ་གྲྭ།  དམག་སྒར་སོགས་སུ་བསྐྱོད་པ་མ་ཟད། མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སུ་བསྐྱོད་དེ། རིག་གནས་དར་སྤེལ་དང་འཁྲབ་སྟོན། དཔེ་དེབ་སྐྱེལ་བ་སོགས་རིག་གནས་དམངས་ཕན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞིང་གྲོང་དང་གཞི་རིམ་མང་ཚོགས་དགའ་བདེ་དཔལ་ལ་འདྲེན་པའི་དྲོད་ཁོལ་བསྐྱལ།

ལོ་ཙཱ་བ། ཁོན་ཐར་འཚོ།