༢༠༡༧ལོའི་རང་ཞིང་གི་གསར་འགྱུར་ཆེན་པོ་བཅུ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་༢༠༡༧ལོའི་རང་ཞིང་གི་གསར་འགྱུར་ཆེ་ཤོས་བཅུ་ཕྱོགས་སྡོམ་བྱས་འདུག་པ་འདི་ལྟར། 

༡ ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གཟབ་རྒྱས་ངང་འཚོགས།

ཟླ༥བའི་ཚེས༢༢ཉིན་ནས་ཟླ༥བའི་ཚེས༢༦ཉིན་བར་ལ་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས།

གྲོས་ཚོགས་ཐོག་ཝང་གོ་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་བྱང་ལ་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་འབད་འབུངས་བྱེད་ཅེས་པའི་སྙན་ཞུ་ཕུལ།

ཟླ༥བའི་ཚེས༢༦ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ།  ཝང་གོ་ཧྲིན་ལགས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་། ཧྲུའུ་ཅིར་བསྐོས་པ་དང་། ཝང་ཅིན་ཅུན་དང་ལིའུ་ཉིང་གཉིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པར་བསྐོས།  གསར་བསྐོས་རྒྱུན་ཨུ་ནི་ཝང་ཞའོ་དང་། མགོན་པོ་བཀྲ་ཤིས། ཐེང་ཅ་ཚའེ།  ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེན།  ཡན་ཅིན་ཧའེ།  ཝང་ཡུས་ཡན། ཡུས་ཀྲོང་ལེ།  མཱ་ཅི་ཞའོ་བཅས་རེད།

ཟླ༡༠བའི་ཚེས༣༠ཉིན་དང་ཚེས༣༡ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་བཀོད་སྒྲིག་གནང་།

༢ མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་ཤུལ་བཞག་རྒྱུ་ནོར་གྱི་མང་ཐོར་བདེ་བླག་ངང་ཚུད་པ།

ཕོ་ལན་ས་གནས་ཀྱི་དུས་ཚོད་དེ་ཟླ༧པའི་ཚེས༧ཉིན་ལ། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་རྒྱུ་ནོར་སྐབས༤༡པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་མིང་ཐོར་བླངས་ཤིང་། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཤིང་། ས་བབ་ཆེས་མཐོ་བ། མཚོ་མཚེའུ་ཆེས་མང་པ།  འོ་གསོས་སྲོག་ཆགས་མང་པོ་རྒྱུ་བ་བཅས་རྒྱུན་རིང་བོར་གནས་ཡོད་པའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་གནས་བཟང་བོར་གྱུར་ལ། མཚོ་བོད་མཐོ་སྒང་དུ་འཛམ་གླིང་གི་རང་བྱུང་ཤུལ་བཞག་མེད་པའི་སྟོང་ཆ་བསྐངས།

༣ གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ཚུལ)ལག་བསྟར་བྱས།

ཟླ༦པའི་ཚེས༢ཉིན་ལ། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་དེ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་བཞིའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ༢༠༡༧ལོའི་ཟླ༨པའི་ཚེས༡ཉིན་ནས་ལག་བསྟར་བྱས། དེས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་ལམ་ལུགས་ཚོད་ལྟ་བྱེད་དུས་སུ་དོ་དམ་དང་སྲུང་སྐྱོང་གི་ལས་ཀ་ཁག་བསྒྲུབ་པར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་མཚོན།
       ༤  མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་དུས་ཚོད་རིང་ཤོས་ནང་ནུས་ཁུངས་གཙང་མའི་གློག་ཐོག་མར་འདོན་ཐུབ་པ་བྱུང་།

ཟླ༦པའི་ཚེས༡༧ཉིན་གྱི་ཆུ་ཚོད་༡ནས་ཆུ་ཚོད༢༤བར་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་བསྟུད་མར་ཉིན་བདུན་དང་ཆུ་ཚོད༡༦༨ལ་ནུས་ཁུངས་གཙང་མའི་གློག་ཐོག་མར་བཏོན་པ་དང་། གློག་དེ་ནི་ཆུ་དང་ཉི་འོད། རླུང་ཤུགས་ཁོ་ན་ལས་བྱུང་བའི་ལྗང་མདོག་གི་ནུས་ཁུངས་ཤ་སྟག་རེད།  མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྙོམས་སྒྲིག་ཚོད་འཛིན་ལྟེ་གནས་ཀྱི་སྡོམ་རྩིས་གཞི་གྲངས་ལྟར་ན། ནུས་ཁུངས་གཙང་མའི་གློག་འདོན་སྐབས་སུ། མཚོ་སྔོན་གློག་དྲའི་གློག་སྤྱོད་ཁུར་བོ་སྟོང་ཝ་ཁྲི༧༣༦ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་སྤྱོད་འབོར་གྲངས་དེ་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར༡༡.༧༨ལ་ཟིན་ཡོད་པས། དེ་རྡོ་སོལ་ཡིན་པའི་དབང་དུ་བཏང་ན་ཏུན་ཁྲི༥༣.༥ཇེ་ཉུང་དང་། དབྱིང་གཉིས་ཐུན་འགྱུར་ཏུན་ཁྲི༩༦.༤ཉུང་འབུད་བྱས་ཡོད་པ་རེད། 

༥ ཟི་ལིང་གྲོང་ཁྱེར་ལ་སྐབས་ལྔ་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ།

ཟླ༡༡པའི་ཚེས༡༤ཉིན་ལ་ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་ཀྲུང་གོའི་དཔལ་ཡོན་དྲ་བར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་སྐབས་ལྔ་བའི་མིང་ཐོ་གསལ་བསྒྲགས་བྱས་ཤིང་།  ཟི་ལིང་གྲོང་ཁྱེར་ལ་སྐབས་ལྔ་བའི་དཔལ་ཡོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཡོད་པ་ཡང་གསལ་བོར་བཀོད་ཡོད། ༢༠༡༠ལོར་ཟི་ལིང་གྲོང་ཁྱེར་གྱིས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་འདོད་མོས་བཏོན་ནས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་མགོ་བསླངས།  ལོ་བརྒྱད་ཚུན་ལ། ཟི་ལིང་གྲོང་ཁྱེར་གྱིས་བརྗེ་སྒྱུར་རིམ་སྤར་ལ་སྐུལ་འདེད་དང་། གྲོང་ཁྱེར་གྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མ་དཔེ་ལྡན་པའི་གྲོང་ཁྱེར་དུ་བཏང་ནས་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་བྱེད་པའི་ལས་ཀ་རབ་དང་རིམ་པ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་འཆང་ནས་མདུན་སྐྱོད་ཀྱི་གོམ་མཚམས་མ་ལྷོད་པར་རྗེས་ལུས་ཀྱི་ས་ཁུལ་ནས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་བཏོད་པའི་ལམ་བུ་གསར་བ་རྙེད།

༦ དུར་ལམ་དང་། འབའ་རྫོང་། རྨ་ལྷོ་སོག་རྫོང་གསུམ་དབུལ་ཐར་བྱུང་བ།

ཟླ༡༠བའི་ཚེས༣༠ཉིན་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་༢༠༡༦ལོའི་རྫོང་དབུལ་བོ་གྲས་ནས་བུད་པའི་ཞིབ་བཤེར་དཔྱད་དཔོག་བྱས་པའི་གནས་ཚུལ་སྐོར་གྱི་ཡིག་ལན་ནང་།  རང་ཞིང་གི་དུར་ལམ་རྫོང་དང་། འབའ་རྫོང་། རྨ་ལྷོ་སོག་རྫོང་གསུམ་རྫོང་དབུལ་བོའི་གྲས་ནས་ཐར་ཡོད་པའི་ཆ་རྐྱེན་ཚང་ཡོད་ཚུལ་བསྟན་ཡོད།  རྫོང་དབུལ་བོ་ལས་ཐར་བའི་འགྲོ་ལུགས་གཞིར་བཟུང་། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བརྒྱུད། དུར་ལམ་རྫོང་དང་འབའ་རྫོང་། རྨ་ལྷོ་སོག་རྫོང་གསུམ་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་བོའི་གྲས་ནས་འབུད་ཆོག་པའི་ཆོག་མཆན་གནང་། དེས་དུར་ལམ་རྫོང་དང་། འབའ་རྫོང་། རྨ་ལྷོ་སོག་རྫོང་གསུམ་རང་ཞིང་གི་རྫོང་དབུལ་བོའི་ཁྲོད་ནས་སྔོན་ལ་དབུལ་ཐར་བྱུང་བའི་མཚོན་རྟགས་ཡིན།

༧ ཅི་ཞའོ་ཅིན་གྱིས་ཐོག་མར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པར་གསེར་གྱི་རྟགས་མ་བླངས། 

ཟླ༨པའི་ཚེས༣༠ཉིན་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་གསུམ་པའི་ཐོག་སྐྱེས་མའི་སྨི༢༥ཅན་གྱི་ལག་མདའ་འཕེན་པའི་འགྲན་སྡུར་དེ་ཐིན་ཅིན་གྱི་ཐུན་པའོ་ལུས་རྩལ་ལྟེ་གནས་སུ་སྤེལ།  རང་ཞིང་གི་ཕུལ་བྱུང་མདའ་འཕེན་པ་ཅི་ཞའོ་ཅིན་གྱིས་ཨང་དང་པོ་བླངས་ནས་མཚོ་སྔོན་འཐུས་ཚབ་ཚོགས་པར་གསེར་གྱི་བྱ་དགའ་ཐོབ།

༨  མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་ནས་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་བར་མྱུར་བགྲོད་གཞུང་ལམ་ཡོངས་སུ་ཤར་གཏོང་བྱས།

ཟླ༨པའི་ཚེས༡ཉིན་ལ་རང་རྒྱལ་གྱི་མཚོ་བོད་མཐོ་སྒང་དུ་བརྒལ་བའི་འཁྱགས་སའི་མྱུར་བགྲོད་གཞུང་ལམ་སྟེ། གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་། ཟླ༩བའི་ཚེས༡༤ཉིན་ལ་མཚོ་སྔོན་གྱི་ཟམ་ཆེན་དང་པོར་འབོད་པའི་རང་ཞིང་གི་ཧའེ་ཧུང་ཟམ་ཆེན་ལེགས་འགྲུབ་ཤར་གཏོང་བྱས་ནས་མདོ་བ་ཡར་སྐ་ནས་རྨ་ལྷོ་བར་གྱི་མྱུར་ལམ་དུ་ལམ་རིན་བསྡུ་འགོ་བརྩམས།  ཟླ༡༡པའི་ཚེས༡༣ཉིན་ལ་རང་ཞིང་གི་ལྗང་མདོག་འཁོར་རྒྱུག་གི་ཐཱན་ཉུང་གཞུང་ལམ་དང་པོར་འབོད་པའི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ཡོངས་སུ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་བཅས་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་ནས་རྨ་ལྷོ་དང་། ཡུལ་ཤུལ། མགོ་ལོག  མཚོ་ནུབ། མཚོ་ལྷོ། མཚོ་བྱང་བཅས་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ་དྲུག་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས།

༩ ཀྲུང་གོའི་སྐར་མ་མིག་དམར་གྱི་དཔེ་དབྱིབས་རྟེན་གཞི་དེ་ཚྭ་འདམ་ཆེ་བའི་བྲག་དམར་ས་ཁུལ་དུ་གཞི་ཚུགས།

        ཟླ༧པའི་ཚེས༢༥ཉིན་ལ་ཀྲུང་གོའི་སྐར་མ་མིག་དམར་དཔེ་དབྱིབས་རྟེན་གཞིའི་སྤྱིའི་འཆར་འགོད་དཔྱད་བསྡུར་གྲོས་ཚོགས་དང་གྲོས་མཐུན་མིང་འགོད་གྱི་མཛད་སྒོ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས་ཤིང་།དེས་ཀྲུང་གོའི་སྐར་མ་མིག་དམར་གྱི་དཔེ་དབྱིབས་རྟེན་གཞི་ཐོག་མ་དེ་མཚོ་ནུབ་ཁུལ་གྱི་ཚྭ་འདམ་ཆེ་བའི་བྲག་དམར་ས་ཁུལ་ནས་གཞི་ཚུགས་པ་མཚོན།

༡༠ བོད་པའི་རིག་གནས་(ཡུལ་ཤུལ)སྣོད་བཅུད་སྲུང་སྐྱོང་ཉམས་ཞིབ་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ།

ཟླ༤པའི་ཚེས༢༠ཉིན་ལ། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་(ཡུལ་ཤུལ)སྣོད་བཅུད་སྲུང་སྐྱོང་ཉམས་ཞིབ་ཁུལ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་སྤེལ། དེ་ནི་རང་ཞིང་གི་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཡུལ་ཤུལ་རིག་གནས་སྲུང་སྐྱོང་དང་དར་སྤེལ་དེ་དུས་རིམ་གསར་བ་ཞིག་ལ་སླེབས་པའི་མཚོན་རྟགས་ཀྱང་རེད།   ཡུལ་ཤུལ་བོད་ཀྱི་རིག་གནས་ཉམས་ཞིབ་ཁུལ་དེ་ནི་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཉམས་ཞིབ་ཁུལ་དང་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོང་ཉམས་ཞིབ་ཁུལ་གཉིས་བཙུགས་རྗེས་སུ་རིག་གནས་པུའུ་ཡིས་རང་ཞིང་དུ་བཙུགས་པའི་རིག་གནས་སྣོད་བཅུད་ཉམས་ཞིབ་ཁུལ་གསུམ་པ་ཡིན། ད་སྔ་རང་ཞིང་གི་རིག་གནས་སྲུང་སྐྱོང་ཉམས་ཞིབ་ཁུལ་གྱི་གྲངས་འབོར་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཨང་དང་པོར་ཆགས་ཡོད།

ལོ་ཙཱ་བ། ཁོན་ཐར་འཚོ།