བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ཁྲི་451ལས་བརྒལ་བ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན་གྱི་ཐོ་རེངས་བར། དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཁོངས་གཏོགས་ཀྱི་གནམ་ཐང་ཁག་གི་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ཁྲི་451ལས་བརྒལ་བ་དང་། ལོ་ཧྲིལ་པོར་འགྲུལ་པ་དང་དངོས་ཟོག་སྦྲག་རྫས་སྐྱེལ་འདྲེན་བྱས་གྲངས་ལོ་གོང་མའི་དུས་མཉམ་དང་བསྡུར་བ་ན་11%འཕར་ཡོད་པ་རེད།
གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། "ལོ་ལྔ་ཚན་བཅུ་གསུམ་པ"ནས་བཟུང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡན་ལག་མཁའ་འགྲུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་གནམ་ཐང་གསར་པ་འཛུགས་སྐྲུན་འཆར་འགོད། མཁའ་ལམ་གསར་པ་གཏོད་པར་བསྔགས་སྐུལ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་བཏང་བ་རེད། ཟླ་12ཚེས་29ཉིན་གྱི་ཐོ་རེངས་བར་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་འཕུར་སྐྱོད་ལན་གྲངས་ཁྲི་4.1ལྷག་ཙམ་དང་། འགྲུལ་པ་སྐྱེལ་འདྲེན་མི་ཐེངས་ཁྲི་451.3 དངོས་ཟོག་དང་སྦྲག་རྫས་དབོར་འདྲེན་བྱས་གྲངས་ཏུན་ཁྲི་3.5བཅས་བྱས་པ་འགན་སྲུང་བྱས་པས། ན་ནིང་གི་དུས་མཉམ་དང་བསྡུར་ན་སོ་སོར་6.9%དང་། 11.9% 16.1%བཅས་འཕར་ཡོད་པ་རེད།
མིག་སྔར། བོད་ལྗོངས་ཀྱི་གནམ་གྲུ་ཐང་ཁག་གི་མཚན་མོར་གནམ་གྲུ་གཏོང་བ་རྒྱུན་ལྡན་ཅན་དུ་གྱུར་ཅིང་། མཁའ་ཐོག་འགྲིམ་འགྲུལ་སྔར་བས་ཐོགས་པ་མེད་པ་དང་། གནམ་གྲུ་ཐང་དུ་འབབ་འཕུར་སྔར་ལས་སྟབས་བདེ་བར་གྱུར་པས། གནམ་ཐང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་ཚོའི"ཡིད་ཚིམ་པའི་ཚོར་བ"ཟམ་མ་ཆད་པར་མཐོ་རུ་འགྲོ་བཞིན་ཡོད། 2017ལོའི་ལོ་མཇུག་བར་ཏུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་79ཤར་གཏོང་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་42ལ་གནམ་གྲུ་ཤར་གཏོང་བྱེད་ཐུབ་པ་བྱུང་བས། གཞི་རྩའི་ཆ་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དང་བོད་སྐྱོར་ཞིང་ཆེན་70%ལ་ཁྱབ་ཡོད་པ་རེད།