བོད་ཀྱི་ན་གཞོན་ཁེ་ལས་པ་ཞིག་གི་ཁེ་ལས་བརྒྱུད་རིམ་དང་མ་འོངས་པའི་འཆར་གཞི།

མི་དམངས་དྲ་བའི་འཕྲིན། ནོར་བུ་ལགས་ནི་རྒྱ་བོད་དབྱིན་གསུམ་གྱི་སྐད་རིགས་ལ་བྱང་ཆ་ཆེ་བའི་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་ཁེ་ལས་བ་ཞིག་ཡིན་ལ། ཁོང་གིས་གཉེར་བའི་གངས་དཀར་རྫོང་ཞེས་པའི་ཡུལ་སྐོར་གསོལ་མགྲོན་ཁང་ནི་བོད་རང་སའི་རིག་གནས་ཐོན་ཁུངས་བེད་སྤྱད་པ་དང་། དེང་སྐབས་རིག་གནས་ཀྱི་ཁྱད་ཆོས་ཉམས་སུ་མྱོང་མཁན་གྱི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བའི་ཕྱིའི་དགོས་མཁོར་དམིགས་ནས་ཁེ་ལས་དེ་འདྲ་ཞིག་གཉེར་བ་ཡིན་ཞིང་། མགྲོན་ཁང་གི་ཁང་ཤག་རེ་རེའི་མིང་ལའང་ཁྱད་ཆོས་སྣ་ཚོགས་གཏད་ཡོད་ཚུལ་ངོ་སྤྲོད་བྱས་བྱུང་སྟེ།

ཁྲོམ་རའི་དཔལ་འབྱོར་དར་བའི་དུས་སྐབས་འདི་འདྲ་ཞིག་ལ། བོད་རང་གི་དཔལ་འབྱོར་གོང་འཕེལ་འགྲོ་དགོས་ན། ས་གནས་ཀྱི་རིག་གནས་ལ་བརྟེན་དགོས་པ་དང་ས་གནས་རང་གི་མི་ཤུགས་ཐོན་ཁུངས་བེད་སྤྱད་ནས་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པ་ལས། ཕྱི་ཕྱོགས་ཀྱི་ཁེ་ལས་པ་དང་ཚོང་བ་མང་པོས་ཚོང་འགུག་དངུལ་འདྲེན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། བོད་ཡུལ་ནི་རང་ཉིད་ཀྱི་ཡོང་སྒོ་ལེན་ས་དང་རང་ཉིད་འཕེལ་རྒྱས་གཏོང་སའི་ཞིང་ས་ལྟ་བུ་ཞིག་བྱས་རྗེས། ཞིང་ས་དེ་ལས་སྨིན་པའི་ལོ་ཏོག་ནི་ཁོ་ཚོས་བསྡུས་ཤིང་། བོད་ཡུལ་གྱི་མང་ཚོགས་ལ་སོག་མའི་ཕུང་བོ་ཙམ་བསྐྱུར་བ་ཙམ་གྱིས་ནི་ས་གནས་དཔལ་གོང་མཐོར་འགྲོ་ཐབས་དཀའ་ཙམ་གདའ།

ན་གཞོན་ཁེ་ལས་བ་ནོར་བུས་བཤད་ན། ས་གནས་རང་གི་རིག་གནས་ཐོན་ཁུངས་བེད་སྤྱད་ན། ས་གནས་མང་ཚོགས་ཀྱི་ལས་ཞུགས་དཀའ་བའི་གནད་དོན་ཡང་སེལ་ཐུབ་ཚུལ་བཤད་བྱུང་སྟེ།

ནོར་བུས་ད་དུང་། རྗེས་ཕྱོགས་སུ་མི་ཉག་རབ་སྒང་ནས"གངས་དཀར་རྫོང"གསོལ་མགྲོན་ཁང་གི་ཡན་ལག་གསོལ་མགྲོན་ཁང་ཞིག་འབྱེད་པར་བརྩོན་པ་བྱ་རྒྱུ་ཡིན་ཚུལ་དང་། དེ་མ་ཟད་གསོལ་མགྲོན་ཁང་དེར་བོད་ཀྱི་ཆོས་ལུགས་རིག་གནས་ལས་ཡོ་ག་དང་འབྲེལ་བའི་ལུས་སྦྱོང་བྱ་ཐབས་དང་། བོད་སྨན་གྱི་ལུམ་དང་འབྲེལ་བའི་ལུས་ཕུང་གསོ་སྟངས་སོགས་ཀྱི་ཆ་རྐྱེན་རྣམས་ཀྱང་རིམ་གྱིས་འཛོམས་པར་བྱེད་འདོད་ཀྱི་འཆར་གཞི་ཡོད་ཅེས་བརྗོད། གསར་འགོད་པ། ཚེ་རིང་རྡོ་རྗེ་ནས།