སྟོང་སྐོར་རྫོང་གིས་ཞིང་གྲོང་གི་ཡུལ་སྐོར་དབུལ་སྐྱོར་བརྒྱུད་རིམ་སྔོག་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་སྟོང་སྐོར་རྫོང་གི་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་བྱས་པ་ལྟར་ན།  ཉེ་བའི་ལོ་འདི་དག་གི་རིང་ལ་སྟོང་སྐོར་རྫོང་གིས་ལིག་ཕན་རི་བོའི་རི་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་རྫོང་དག་གིས་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད་གནས་བབ་གསར་བའི་འོག་གི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་གཞུང་ལམ109དང་315འགྲམ་རྒྱུད་དུ་ཞིང་སྡེའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ནས་ཞིང་སྡེའི་ཡུལ་སྐོར་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་ནས་དབུལ་ཕོངས་ཀྱི་གནས་བབ་དང་བསྟུན་ཤེས་སྒོས་ཀུང་ཟི+ཞིང་ཁྱིམ། ལྗོངས་ཁུལ+ཞིང་ཁྱིམ། ཉོ་བསྡུ+ཞིང་ཁྱིམ། ཞབས་ཞུའི་ས་ཁུལ+ཞིང་ཁྱིམ་བཅས་ཀྱི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་གྱི་བརྒྱུད་རིམ་གསར་བ་སྔོག་འདོན་བྱས་པ་རེད།

སྟོང་སྐོར་རྫོང་གིས་ཀུང་ཟི+ཞིང་ཁྱིམ་གྱི་རྣམ་པ་བེད་སྤྱད་དེ་ཁེ་ལས་ཀྱི་འགོ་ཁུངས་ནས་དབུལ་ཕོངས་དུད་ཁྱིམ་ཁྲོད་ཀྱི་ས་ཞིང་འཁོར་རྒྱུས་འཛུགས་བསྐྲུན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ཀྱི་རྟེན་གཞི་ལ་སྣེ་ཁྲིད་ནས་ཁེ་ལས་ཀྱི་འགན་ཁུར་གྱིས་ཞིང་ཁྱིམ་སོ་སོར་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་པ་མཁོ་སྤྲོད་དང་ཐོན་རྫས་ཉོ་བསྡུ། དབུལ་ཕོངས་མང་ཚོགས་ལ་སྣེ་ཁྲིད་ནས་ལས་བརྩོན་ལ་གཞོལ་བ། ས་ཞིང་འཁོར་རྒྱུགས་སོགས་ཀྱི་རྣམ་པ་སྤྱད་དེ་ཡོང་འབབ་ཁ་སྣོན་བྱས། ཧྲིན་ཀྲུང་ཤང་ཆན་ཀོའུ་སྡེ་བས་ཞིང་ཁྱིམ་གྱི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་མཚོ་སྔོན་གྱི་འབྲི་སིལ་ཞིང་ལས་ཐོན་ལས་ཅན་ཚད་ཡོད་ཀུང་ཟི་ལག་བསྟར་བྱས་ནས། རྣམ་གྲངས་དང་ཁེ་ཕན་དེ་སྡེ་བའི་ཐུན་མོང་དང་དབུལ་ཕོངས་ཁྱིམ་ཚང་ལ་དབང་བར་བྱས། འབྲི་སིལ་ཤིང་ཏོག་གསར་བ་ནི་ཀུང་ཟིས་ཁྲོམ་རའི་རིན་གོང་ལྟར་ཉོ་བསྡུ་བྱས་ཏེ་ལས་སྣོན་བྱས་ཤིང་དབུལ་ཕོངས་ཁྱིམ་ཚང་རང་ཉིད་ཀྱིས་ཚོང་གཉེར་བྱེད་བཞིན་ཡོད་ལ། མ་རྐང་བཞག་ནས་ཁེ་ཕན་མ་དངུལ་ཡང་བླངས་ཆོག དེ་མིན་ས་ཞིང་འཁོར་རྒྱུགས་ཕོགས་གཏོང་བཅས་ཀྱིས་རང་གི་ཉེ་ས་ནས་ལས་ཕོགས་ལེན་ཐུབ་པའི་རྣམ་པ་ཡང་ཁ་སྣོན་བྱས་ཏེ། ཉེ་འཁོར་གྱི་སྡེ་བ་སོ་སོའི་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་བཏང་བ་རེད།

ལྗོངས་ཁུལ+ཞིང་ཁྱིམ་གྱི་ད་ལྟའི་མཛེས་ལྗོངས་ཀྱི་ལྗོངས་ཁུལ་གཞིར་བཟུང་ནས་དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཞབས་ཞུའི་ཡོང་འབབ་གསར་སྣོན་བྱས་པ་རེད། བ་ཡན་ཤང་དགོན་པ་འོག་མ་སྡེ་བའི་ཞིང་གྲོང་ཡུལ་སྐོར་རྣམ་གྲངས་ཀྱིས་གྲྭ་ཚང་དགོན་པའི་ལོ་རྒྱུས་རིག་གནས་གཞིར་བཟུང་ནས་ཁམས་གཡེང་སྤྲོ་གསེང་དང་ཡུལ་སྐོར་གཟིགས་ཞིབ། བདེ་ཐང་ལུས་གསོ། ཞིང་ལས་གསར་གཏོད་འདུ་ཤེས། ཞིང་འདེབས་ཉམས་མྱོང་སོགས་བརྗོད་བྱ་རུ་བཟུང་ནས་མཛེས་ལྗོངས་ས་ཁུལ་གྱི་སྒྲིག་ཆས་སྒྲིག་གཞི་འཐུས་ཚང་ཅན་དུ་བཏང་སྟེ་དབུལ་ཕོངས་མི་གྲངས་ལ་ལས་གཏོད་དང་ལས་ཞུགས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་པ་རེད། དེ་མིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གཅིག་བསྡུས་ལ་ཤུགས་བསྣན་ནས་རང་སྡེ་བའི་མང་ཚོགས་སྐུལ་སློང་བྱས་ཏེ། དབུལ་ཕོངས་མི་གྲངས་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པའི་ཁ་གྲངས་ཇེ་མང་དུ་བཏང་བ་རེད། ཉོ་སྒྲུབ་གནད+ཞིང་ཁྱིམ་ལྟར་ཡུལ་སྐོར་ལམ་ཐིག་སྟེང་ཡུལ་སྐོར་ཉོ་སྒྲུབ་གནས་གཞིར་བཟུང་ནས་ཉོ་སྒྲུབ་ཚོང་ཁང་འཛུགས་བསྐྲུན་བྱས། དེ་མིན་ཉོ་སྒྲུབ་བྱེད་སའི་གཞི་ཁྱོན་ཆེས་ཆེར་བཏང་སྟེ་དབུལ་ཕོངས་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་བྱས། ཞབས་ཞུའི་ས་ཁུལ+ཞིང་ཁྱིམ་གཞིར་བཟུང་སྟེ་ཤར་འགག་ཤང་གི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཡུལ་སྐོར་ཐོན་ལས་དེ་ཁྱོན་ཡོངས་སུ་ལེགས་སྒྲིག་གིས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། ཚོང་གཉེར་སྣ་གཅིག་གི་ཞན་ཆ་ཁ་གསབ་ཀྱིས་ཡུལ་སྐོར་ཞབས་ཞུའི་ས་ཁུལ་གྲུབ་པར་བྱས་ཏེ་ཉེ་འཁོར་གྱི་མང་ཚོགས་སོ་སོའི་ཡོང་འབབ་ཇེ་མང་དུ་བཏང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།