གཅིག་སྒྲིལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ལ་རོགས་འདེགས་དང་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དེ་དམངས་འཚོའི་བདེ་སྐྱིད་འཕར་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བཟུང་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་མང་པོ་གཏན་ཁེལ་བྱས་ཤིང་། མིག་སྔར་རི་ལྗང་རྩྭ་སྔོན་ནི་གཅིག་སྒྲིལ་རྫོང་གི་གསེར་རི་དང་དངུལ་རི་ལ་གྲུབ་ཤིང་། སྐྱེ་ཁམས་ཀྱི་གནས་བབ་ལེགས་པོ་དེ་ནི་གཅིག་སྒྲིལ་རྫོང་གི་ཆེས་ལེགས་པོའི་གནས་བབ་དུ་བཟུང་ནས་ཁོར་ཡུག་བཅོས་སྒྱུར་ཁྲོད་མི་དམངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་མུ་མཐུད་དུ་མཐོར་འདེགས་སུ་བཏང་བ་རེད།

སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་པའི་དམངས་འཚོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།

རྒྱུས་ལོན་བྱུང་བ་ལྟར་ན། གཅིག་སྒྲིལ་རྫོང་གིས་སྔ་གཞུག་དུ་གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་འགན་འཁྲིའི་གཏན་ཁེལ་ཚོད་ལྟའི་ལག་དེབ་ཞེས་པ་དང་གཅིག་སྒྲིལ་རྫོང་གི2017ལོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་གཙོ་གནད་ས་ཁུལ་གྱི་རྫོང་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཚད་ལེན་ལག་བསྟར་བྱེད་པའི་ཇུས་གཞི་ཞེས་པ་གཉིས་གཏན་འབེབས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་ལས་འགན་དབྱེ་ཞིབ་བྱས་ཏེ་ཤང་གྲོང་བརྡལ་སོ་སོ་དང་སྡེ་ཁག་སོ་སོའི་རིམ་པ་དག་གིས་དམིགས་འབེན་འགན་འཁྲིའི་ཆོད་ཡིག་ལ་གན་རྒྱ་བཞག་སྟེ་ལྟ་སྐུལ་ཞིབ་བཤེར་ཚད་ལེན་ལ་ཤུགས་བསྣན་ནས་རིམ་པ་སོ་སོའི་གནོན་ཤུགས་བརྒྱུད་སྤྲོད་བརྒྱུད་ཏང་སྲིད་འགན་འཁྲི་མཉམ་ཁུར་དང་ཁེ་དབང་གཅིག་གྱུར་གྱི་བྱ་བའི་འགན་འཁྲིའི་མ་ལག་གྲུབ་དུ་བཅུག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ཐད་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གྱི་མ་ལག་ཐད་རྨང་གཞི་བརྟན་པོ་བཏིངས།

དུས་མཉམ་དུ་གཅིག་སྒྲིལ་རྫོང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཤུགས་ཆེན་པོའི་སྒོ་ནས་སྒྲོག་སྦྱོང་བྱས་པ་མ་ཟད། གཞི་རིམ་དུ་ཞུགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་ཚན་རིག་ལག་རྩལ། རིག་གནས། འཕྲོད་བསྟེན་བཅས་གཞི་རིམ་ས་ཁུལ་དུ་སྐྱེལ་བའི་བྱ་འགུལ་སྤེལ། དེ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱའི་ཡོངས་ཁྱབ་སློབ་གསོ་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཧྲིལ་བོའི་དོ་ཁུར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཁའ་དབུགས་ལེགས་པོ་ཤིག་གསར་བསྐྲུན་བྱེད་པར་ཧུར་བརྩོན་བྱས་ཏེ་སྤྱི་ཚོགས་ཧྲིལ་བོ་ཐུན་མོང་གིས་ཟབ་ཞུགས་བྱེད་པ་དང་ཕྱོགས་མང་པོར་མཉམ་འབྲེལ་བྱེད་པ་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་གནས་བབ་ལེགས་པོ་ཤིག་ཡོངས་འགྲུབ་བྱས་ཡོད།

དེ་ལས་གཞན་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱིས་འབྲོག་པ་མང་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་བྱས་ཏེ་བསམ་བློའི་འདུ་ཤེས་མཐོར་འདེགས་ཀྱིས་རྫོང་ཡོངས་སུ་སྐྱེ་ཁམས་གནག་ཕྱུགས་ཐོན་ལས་ཀྱི་རྟེན་གཞི་མི་འདྲ་བ་8འཛུགས་བསྐྲུན་གྱིས་མཉམ་ལས་ཁང+ཁྱིམ་ཚང+རྟེན་གཞི་བཅས་ཀྱི་ཐོན་ལས་ཅན་གྱི་འབྲེལ་བ་ཞིག་གྲུབ་དུ་བཅུག་ཡོད།

ལྗང་མདོག་འཕེལ་རྒྱས་ཀྱི་དཔལ་འབྱོར་བརྒྱུད་སྐྱེ་ཁམས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་རོང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱུང་སྟེ། ཚད་གཞི་ངེས་ཅན་གྱི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་འཚེ་དང་ཤུགས་རྐྱེན་ངན་པ་དེ་དག་རིམ་གྱིས་ཇེ་ཉུང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་ཐད་རྒྱལ་ཁ་ཕུ་ཐག་ཆོད་པ་ཞིག་བླངས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།