ན་ནིང་མཚོ་སྔོན་པོའི་ནང་གི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི་གཅིག་གི་ཇེ་མང་དུ་སོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་མཚོ་སྔོན་པོའི་ནང་གི་གསེར་ཉའི་ཐོན་ཁུངས་དེ་ལོ་སྔོན་མ་ལས་ཏུན་ཁྲི་1གི་ཇེ་མང་དུ་སོང་ཞིང་གསོ་སྤེལ་འཕར་སྣོན་བྱུང་བའི་ཉ་རིགས་མི་འདྲ་བ1277ལྷག་ཡོད། མིག་སྔའི་བར་མཚོ་སྔོན་པོའི་ནང་གི་གསེར་ཉའི་སྤྱིའི་ཐོན་ཁུངས་ཀྱི་ཚད་གཞི་དེ་ཏུན་ཁྲི8ལ་སླེབས་པ་དང་དེ་ནི་ཆེས་ཐོག་མར་སྲུང་སྐྱོབ་བྱེད་དུས་ཀྱི་ཁ་གྲངས་ཀྱི་ལྡབ30ཡིན་པ་རེད།

ལོ་མང་པོའི་རིང་ལ་རང་ཞིང་གིས་མཚོ་སྔོན་པོ་བཀག་སྡོམ་བྱས་ཏེ་ཉ་རིགས་གསོ་སྤེལ་བྱས་པ་མ་ཟད། ཉ་འཛིན་བཟུང་བྱེད་མཁན་བཀག་སྡོམ་བཅས་ཀྱིས་གསེར་ཉ་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་རབས་དང་རིམ་པ་སྤེལ། མཚོ་སྔོན་པོ་གསེར་ཉའི་ཐོན་ཁུངས་སླར་གསོ་བྱེད་རྒྱུ་དེ་ནི་ཉ་རིགས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འཕེལ་རྒྱས་གསར་བ་དུ་བཞག སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་པོའི་གསེར་ཉའི་ཁ་གྲངས་ཀྱི་ཐོན་ཁུངས་དེ་ཕལ་ཆེར་ཏུན་ཁྲི་1ལྷག་ལ་སླེབས་པ་དང་སྤྱིའི་ཁ་གྲངས་དེ་ཏུན་ཁྲི་8ལ་སླེབས་ཡོད་པས། དེ་ནི་ལོ་སྔོན་མ་དང་སྡུར་ན་ཏུན་ཁྲི7.08དང་བརྒྱ་ཆའི་14འཕར་ཡོད། སྤྱིའི་ཁ་གྲངས་དེ་ནི་ཆེས་ཐོག་མའི་སྲུང་སྐྱོབ་དུས་ཀྱི་ཁ་གྲངས་ལས་ལྡབ30ཡིས་འཕར་ཡོད། དེ་མིན་ཉ་རིགས་མི་འདྲ་བ་ཁྲི་1277དང་དེའི་ཁྲོད་མཚོ་སྔོན་པོའི་གསེར་ཉ་ཁྲི1147དང་གསེར་ཉ་ཁྲ་བོ་ཁྲི130ཡོད།

2017ལོར་རང་ཞིང་གིས་ཁྱོན་ཡོངས་ནས་མཚོ་སྔོན་པོ་གསེར་ཉ་ལ་མིས་བཟོས་ཁ་གྲངས་འཕར་སྣོན་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཤིང་། མཚོ་སྔོན་པོ་གསེར་ཉའི་མིས་བཟོས་ཁ་གྲངས་མུ་མཐུད་དུ་ལེགས་པོར་སྒྲུབ་ནས་འོམ་དཀར་ཆུ་བོའི་མིའི་བཟོས་ཁ་གྲངས་རིམ་འཕར་ཚོད་ལྟའི་ས་ཚིགས་དེ་མུ་མཐུད་དུ་རྒྱ་བསྐྱེད་ནས་རྟ་ནག་མའི་བུ་ཧ་ཆུ་བོའི་དབར་མིས་བཟོས་གསོ་སྤེལ་ཚོད་ལྟའི་ས་ཚིགས་ཀྱི་རྣམ་གྲངས་འཛུགས་བསྐྲུན་བྱས་པ་དང་དུས་མཉམ་དུ་ད་དུང་མ་དངུལ་སྒོར་ཁྲི1000ལྷག་བཏང་སྟེ། མཚོ་སྔོན་པོ་གསེར་ཉའི་བཟོ་གྲྭ་ཅན་ལག་བསྟར་གྱིས་ཉ་ཕྲུག་གསོ་སྤེལ་རྣམ་གྲངས་གསར་འཛུགས་བྱས། མིག་སྔར་རྣམ་གྲངས་དེ་དག་གི་བཟོ་སྐྲུན་གཙོ་བོ་དག་ཕལ་ཆེར་ཡོངས་འགྲུབ་བྱས་ཤིང་ཚད་ལེན་དཔྱད་ཆས་ཡོད་ཚད་སྒྲིག་འཇུག་འཐུས་ཚང་དུ་བཏང་ཡོད། རྣམ་གྲངས་དེ་འཛུགས་བསྐྲུན་ཡོངས་འགྲུབ་ཀྱི་རྗེས་སུ་ལོ་རེར་ཉ་ཕྲུག་གི་ཁ་གྲངས་འཕར་སྣོན་བྱེད་པའི་ཁ་གྲངས་ཁྲི2000ལ་སླེབས་པ་རེད།

མུ་མཐུད་དུ་མཚོ་བཀག་སྡོམ་བྱས་ཏེ་ཉ་གསོ་སྤེལ་བྱེད་ཆེད་རང་ཞིང་གིས་དགུན་དུས་དང་དབྱར་དུས་གཉིས་སུ་ཉ་སྲིད་ཁྲིམས་འཛིན་ཆེད་དོན་བྱ་འགུལ་སྤེལ་བའི་མི་སྣ་རྩ་འཛུགས་བྱས་ཤིང་། མཚོ་སྔོན་དང་ཀན་སུའུ། ཉིན་ཞ། ཟི་ཁྲོན་བཅས་ཞིང་ཆེན་བཞི་ཡིས་མཉམ་འབྲེལ་སྒོས་ཉ་ལས་སྲིད་འཛིན་མཉམ་འབྲེལ་གྱི་ཁྲིམས་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱ་འགུལ་སྤེལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ནག་ཉེས་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ཞིང་། 2017ལོའི་ཁྱོན་བསྡོམས་ཉ་ལྐོག་འཛིན་བྱེད་པའི་གྱོད་དོན་མི་འདྲ་བ15རྩད་ཆོད་པ་དང་དེའི་ཁྲོད་སྲིད་འཛིན་གྱོད་དོན་མི་འདྲ་བ9འདུས་ཡོད། ཁྱོན་བསྡོམས་ཆད་པ་སྒོར་ཁྲི4.7བཅད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།