རང་ཞིང་གིས་བསྟུད་མར་ལོ་དགུ་ལ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་པ་མི་ཐེངས༤༨༨ལ་ཟབ་སྦྱོང་བྱས་པ།

སྐད་གཉིས ཁྲིམས་དཔོན་པ རྒྱ་བོད་ཤན་སྦྱར ཁྲིགས་ལུགས་རིག་པ ཚིག་མཛོད། མཐོ་རིམ་མི་དམངས་ཁྲིམས་ཁང་།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་པའི་ཟབ་སྦྱོང་འཛིན་གྲྭའི་གནས་ཚུལ་སྐོར་ཁྱབ་བསྒྲགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ལམ་གསར་འགོད་པས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ༢༠༡༧ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་དྲུག་གི་འབྲིང་རིམ་མི་དམངས་ཁྲིམས་དང་། གཞི་རིམ་གྱི་ཁྲིམས་ཁང༣༥། ཀན་སུའུ་གཞི་རིམ་ཁྲིམས་ཁང་ཁག་བཅས་ཀྱིས་སྔ་གཞུག་ཏུ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་པ་མི་ཐེངས་༤༨༨ལ་ཟབ་སྦྱོང་བྱས་ཡོད་པ་རེད།

ཤེས་གསལ་ལྟར་ན། ༢༠༠༩ལོའི་ཟླ༡༠བར་ཞིང་ཆེན་ཡོངས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་བའི་ཚུན་གྱི་བསྟུད་མར་ལོ་དགུ་རིང་ལ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་པའི་ཟབ་སྦྱོང་འཛིན་གྲྭ་བར་མ་ཆད་པར་གཉེར་ཡོད་ཅིང་། དེ་ཡང་༢༠༡༣ལོ་ནས་བཟུང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མངག་བཅོལ་གཞིར་བཟུང་ནས་ཀན་སུའུ་ཞིང་ཆེན་གྱི་བོད་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་པ་སྐོར་ཞིག་ལ་ཡང་རང་ཞིང་ནས་ཟབ་སྦྱོང་བྱས། 

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཁྲིམས་དཔོན་སློབ་གླིང་གི་གླིང་གཙོ་ཁྲེན་ཕིང་གིས་འདི་སྐད།  བོད་ཁུལ་གྱི་ཁྲིམས་ཁང་ཁྲིམས་འཛིན་ལག་ལེན་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འཚོལ་ཞིབ་ཀྱི་འཆར་གཞི་ཆེན་པོ་ཞིག་ཐག་བཅད་དེ། གནད་གཙོ་བོ་དེ་རྒྱ་བོད་སྐད་གཉིས་ཀྱི་ལོ་ཙཱའི་རྨང་གཞིའི་གཞུང་ལུགས་དང་། ཉེས་དོན་དང་། དམངས་ཁྲོད་ཀྱི་རྩོད་དོན།  སྲིད་འཛིན་གཏུག་བཤེར་བཅས་འདྲི་གཅོད་བརྒྱུད་རིམ་དུ་ཁྲིམས་ལུགས་ཀྱི་ཐ་སྙད་དང་གཏུག་བཤེར་གྱི་ཐ་སྙད་ལོ་ཙཱ་གཙང་མ་བྱེད་མི་ཐུབ་པ་དང་། སྐད་གཉིས་ཀྱི་ཁྲིམས་གཅོད་ཡིག་རིགས་འབྲི་བའི་ནང་དོན་ལ་སོགས་ཀྱི་ཐད་ནས་ཟབ་སྦྱོང་སྤེལ་བར་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར། 

༢༠༡༥ལོའི་ཟླ༤བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་པ་སྐྱེད་སྲིང་ལ་ཤུགས་སྣོན་དང་ཟབ་སྦྱོང་ལས་ཀ་ཡག་པོ་བསྒྲུབ་དགོས་སྐོར་གྱི་བསམ་འཆར་པར་འགྲེམས་བྱས་ཤིང་། བསམ་འཆར་ནང་དུ་༢༠༢༠ལོའི་སྔ་རོལ་ཏུ་སྐད་གཉིས་ཁྲིམས་དཔོན་པ༡༥༠༠སྐྱེད་སྲིང་བྱེད་དགོས་པ་བཏོན་ཡོད།  མི་སྟོང་གི་འཆར་གཞི་དམིགས་འབེན་ལག་བསྟར་མཐའ་འཁྱོལ་བྱེད་ཆེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གཉིས་ཀྱིས་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་པ་སྐྱེད་སྲིང་ལ་ཤུགས་སྣོན་དང་ཟབ་སྦྱོང་ལས་ཀ་ཡག་པོར་བསྒྲུབ་དགོས་པའི་སྐོར་གྱི་བསམ་འཆར་གྱི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ་ཡིས་ཁས་ལེན་གནང་། ༢༠༡༧ལོའི་ཟླ༩བར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱིས་མི་རིགས་སྐད་ཡིག་གི་ཁྲིམས་ལུགས་འཇོན་མི་སྐྱེད་སྲིང་གི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། གོང་གསལ་གྱི་ལས་དག་གིས་སྐད་གཉིས་ཁྲིམས་དཔོན་པའི་ཁྲིམས་འཛིན་ནུས་པ་ཇེ་ལེགས་དང་། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དར་སྤེལ་ལ་སྐུལ་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད། མི་རིགས་ས་ཁུལ་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བཅས་ཐུབ་པར་དོན་སྙིང་ལྡན་པའི་ལེགས་སྐྱེས་གལ་ཆེན་བཞག་ཡོད་པ་རེད། 

བོད་ཁུལ་གྱི་སྐད་གཉིས་གཏུག་བཤེར་ལག་ལེན་གྱི་ཁྲོད་ཁྲིམས་ལུགས་ཀྱི་ཐ་སྙད་ལོ་ཙཱ་ཡག་པོ་འཁྱོངས་མེད་པ་དང་། ལོ་ཙཱའི་ཐ་སྙད་གཅིག་གྱུར་ཐུབ་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་དང་། བོད་ཁུལ་གྱི་ཁྲིམས་ལུགས་ཆེད་སྤྱོད་ཐ་སྙད་ཀྱི་འགྱུར་གཅིག་གྱུར་ཡོང་བ།  སྐད་གཉིས་གཏུག་བཤེར་གྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཇེ་ལེགས་སུ་གཏང་བ་བཅས་ཀྱི་ཆེད་དུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དུ་རྩོམ་ཞུས་ལྷན་ཁང་བཙུགས་ནས་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གིས་ལག་བསྟར་བྱས། ལོ་གསུམ་ལྷག་རིང་གི་རིགས་པའི་ཁུངས་སྐྱེལ་དང་། རྩད་ཞིབ། བསྡུ་རུབ། དག་སྒྲིག  ལོ་ཙཱ་བཅས་བརྒྱུད་རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད་སྒྲིག་སྒྱུར་ལེགས་འགྲུབ་བྱུང་བ་མ་ཟད། ༢༠༡༢ལོའི་ཟླ༤བར་པེ་ཅིང་ནས་ཐོག་མར་འགྲེམས་སྤེལ་བྱས། དེ་ནི་རང་རྒྱལ་གྱི་འདྲི་གཅོད་ལས་ཁུངས་ཀྱིས་རྒྱ་བོད་ཁྲིམས་ལུགས་རིག་པའི་ཚིག་མཛོད་སྒྲིག་སྒྱུར་གྱི་ལས་ཀ་ཆེ་གྲས་སྤེལ་བའི་ཐོག་མ་ཡིན། དེས་བོད་ཁུལ་ཆེན་པོ་ལྔ་ནས་ཐ་སྙད་གཅིག་གྱུར་དང་ཚད་ལྡན་ཡིན་པའི་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་སྐད་ཁྲིམས་བཤད་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་པའི་མི་ཚད། རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་ཟབ་སྦྱོང་ལ་ཁྲིད་དེབ་མེད་པའི་སྟོང་ཆ་ཡང་བསྐངས། ༢༠༡༥ལོར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཡང་བསྐྱར་རྒྱ་བོད་ཤན་སྦྱར་ཁྲིམས་ལུགས་རིག་པའི་ཚིག་མཛོད་ལ་ཁ་སྣོན་ཁ་གསབ་དང་བཟོ་བཅོས་ཀྱི་ལས་གཉེར་ཏེ། ཐ་སྙད་མང་པོ་ཞིག་ཁྲིམས་ལུགས་ཀྱི་མིང་ཚིག་ལ་སོགས་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་ཁྱབ་ཡོད།

རང་རྒྱལ་གྱི་གཏུག་བཤེར་བཅའ་ཁྲིམས་ཆེན་པོ་གསུམ་ལ་སྔ་གཞུག་ཏུ་བཟོ་བཅོས་བརྒྱབ་པ་དང་བསྟུན་ནས་སྐད་གཉིས་ཁྲིམས་དཔོན་པའི་ཁྲིམས་ལུགས་ལ་གོ་བ་ལེན་ཕྱོགས་དང་བཀོལ་སྤྱོད་ཡག་པོ་ཐུབ་པ་དང་། སྐད་གཉིས་ཁྲིམས་དཔོན་པའི་སྐད་གཉིས་འདྲི་གཅོད་ཀྱི་ནུས་པ་ཇེ་ལེགས་བཅས་སུ་གཏང་ཆེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་བོད་སྐད་གཉིས་ཀྱི་གཏུག་བཤེར་ཕྱོགས་སྟོན་ཞེས་པའི་རྣམ་གྲངས་གཉེར་འགོ་བརྩམས་ཤིང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་སློབ་གླིང་ལ་ལས་བཅོལ་གྱིས་རྒྱ་ཡིག་གི་མ་དཔེ་རྩོམ་སྒྲིག་བྱས། ད་སྔ་འགྱུར་ཡིག་ཞུ་དག་གི་ལས་ཀ་ཡོངས་སུ་རྫོགས་ནས་མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གིས་མཐའ་མའི་ཞུ་དག་བྱེད་སྒང་ཡིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ་ཡིས་རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད་དང་། རྒྱ་བོད་སྐད་གཉིས་ཀྱི་གཏུག་བཤེར་ཕྱོགས་སྟོན་གཉིས་སྐད་གཉིས་ཁྲིམས་ལུགས་རིག་གནས་དཔེ་སྐྲུན་གྱི་ལས་གཞིའི་གྲས་སུ་བླངས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།