ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་གྱིས་ཟླ1ཚེས1ཉིན་ནས་བཟུང་ཁྱོན་ཡོངས་ནས་ཤོག་སྦགས་ཉོ་འཚོང་གཏན་འགོག་བྱས་པ།

ཟླ1པོའི་ཚེས3ཉིན་གསར་འགོད་པས་ཟི་ལིང་མཁར་དབུས་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་ཧྲིལ་བོར་བདེ་འཇགས་ཐོན་སྐྱེད་ཀྱི་དཔེར་མཚོན་ས་ཁུལ་ཅིག་གསར་སྐྲུན་བྱེད་ཆེད། སྤྱི་ལོ2018ལོའི་ཟླ1ཚེས1ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་གྱི་ཁོངས་གཏོགས་ཁྱབ་ཁོངས་སུ་ཤོག་སྦགས་འདྲ་མིན་སྣ་ཚོགས་ཕྱིར་འཚོང་བྱེད་མཁན་ཚང་མ་གཏན་འགོག་བྱས་པ་རེད།

མཁར་དབུས་ས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ཉེ་ལམ་རྒྱལ་ཡོངས་སུ་ཤོག་སྦགས་ཐོན་སྐྱེད་དང་གསོག་འཇོག  ཉོ་འཚོང་སོགས་ལས་བདེ་འཇགས་དོན་རྐྱེན་བྱུང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས། དེ་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ལྟ་སྐུལ་ཚོ་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་སྐབས་ཀྱི་རེ་འདུན་གཞིར་བཟུང་ནས་ཞིང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་ལས་གོམ་གང་མདུན་སྤོས་སྒོས་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་དགོངས་དོན་ལ་ཤུགས་བསྣན་པ་རེད། དེ་མིན་ཤོག་སྦགས་ལས་རིགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་རྐྱེན་དང་འགད་གཏོར་དོན་རྐྱེན་བྱུང་བར་སྔོན་འགོག་གྲོང་ཁྱེར་གྱི་མཁའ་དབུགས་རྒྱུ་སྤུས་མཐོར་འདེགས་བཅས་སུ་གཏོང་ཆེད་མཁར་དབུས་ཁུལ་གྱིས་སྤྱི་ལོ2018ལོའི་ཟླ1ཚེས1ཉིན་ནས་བཟུང་མཁར་དབུས་ས་ཁུལ་གྱི་ཁྱབ་ཁོངས་སུ་ཤོག་སྦགས་ཉོ་འཚོང་དང་ཕྱིར་འཚོང་གི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པ་གཏན་འགོག་བྱས།

མཁར་དབུས་ཁུལ་བདེ་འཇགས་ལྟ་སྐུལ་དང་ཁྲོམ་རའི་ལྟ་སྐུལ། སྤྱི་བདེ་དང་ཁོར་སྲུང་། མཁར་གྲོང་བདག་དོམ་པ། མེ་གསོད་སོགས་སྡེ་ཁག་སོ་སོས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་གཞིར་བཟུང་ནས་སྐོར་ཞིབ་མཚམས་མ་བཞག་པ་དང་ནང་སྒོས་དུ་རྒྱ་ལོའི་ལོ་སར་དང་རྒྱ་ལོའི་བཅོ་ལྔ་སོགས་དུས་ཆེན་གལ་ཆེན་གྱི་དུས་ཚོད་གཙོ་བོ་དག་ལ་འབྲེལ་ཡོད་ལས་རིགས་ཀྱི་ཡུལ་དངོས་ལ་མི་མངགས་ནས་ལྟ་རྟོག་ནན་མོ་བྱེད་དུ་བཅུག་པ་མ་ཟད། དུས་ལྟར་ཤོག་སྦགས་ཕྱིར་འཚོང་བྱེད་མཁན་གསར་རྙེད་བྱུང་དུས་མཚམས་འཇོག་དང་གཏན་འགོག་བྱས།

དུས་མཉམ་དུ་མཁར་དབུས་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དག་གིས་རང་གི་ཁྱབ་ཁོངས་སུ་ཤོག་སྦགས་ཕྱིར་འཚོང་དང་གསོག་འཇོག སྐྱེལ་འདྲེན། ཤོག་སྦགས་བཀད་པ་སོགས་ཀྱི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱས་ཏེ་རྡུང་རྡེག་ནན་མོ་བཏང་ཤིང་། སྙན་ཞུ་འབྱོར་མ་ཐག་ཁྲིམས་འཛིན་སྡེ་ཁག་དག་གིས་མགྱོགས་མྱུར་སྒོས་ཆེས་ཐོག་མའི་དུས་ཚོད་ཀྱི་ནང་དུ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དང་འབྲེལ་ཡོད་བདེན་དཔང་གཞིར་བཟུང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཧ་ཅང་གཟབ་ནན་དང་མགྱོགས་མྱུར་སྒོས་ཐག་གཅོད་བྱས། ནག་ཉེས་སུ་གྲུབ་པ་དག་ལ་ཁྲིམས་ལྟར་གཟབ་ནན་གྱིས་ཐག་གཅོད་བྱས་པ་མ་ཟད་ཉེས་དོན་འགན་འཁུར་དུ་བཅུག མཁར་དབུས་ས་ཁུལ་བདེ་འཇགས་ལྟ་སྐུལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། དངོས་ཡོད་རང་བཞིན་གྱི་མཁའ་དབུགས་ལ་ལེགས་བཅོས་བྱེད་པ་དང་འཛེར་སྒྲ། སྦགས་བཙོག་བཅས་ཇེ་དམའ་རུ་གཏོང་བ། མི་གནས་སྡོད་བྱེད་སའི་ཁོར་ཡུག་ལེགས་བསྒྱུར་བཅས་བྱེད་པ་ལ་ཐོག་མར་ཤོག་སྦགས་ཀྱི་འགོ་ཁུངས་ནས་བྱུང་བའི་བདེ་འཇགས་དོན་རྐྱེན་དེ་དག་མེད་པར་གཏོང་དགོས་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། མཁར་དབུས་ས་ཁུལ་གྱིས་རང་གི་མངའ་ཁོངས་ཧྲིལ་བོར་ཤོག་སྦགས་ཉོ་འཚོང་བྱེད་པ་གཏན་འགོག་བྱས་པ་རེད། མཁར་དབུས་ས་ཁུལ་གྱིས་ཁྱོན་ཡོངས་ནས་ཤོག་སྦགས་གཏན་འགོག་བྱས་པ་དེས་ཁོར་ཡུག་ལེགས་བཅོས་ལ་བཅོས་སྒྱུར་ཐོབ་པ་མ་ཟད། དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་གྲུབ་འབྲས་དང་ཟི་ལིང་གྲོང་ཁྱེར་གྱི་གཡའ་དྭགས་པའི་བར་སྣང་ལ་ཡང་སྲུང་སྐྱོབ་བྱས་ཡོད་ཟེར།

དེ་ལས་གཞན་གྲོང་ཁྱེར་མི་སྣ་དག་གིས་ཤོག་སྦགས་ཕྱིར་འཚོང་གི་བྱ་སྤྱོད་མཐོང་མ་ཐག་རང་གི་ཁོངས་གཏོགས་ནང་ཁུལ་གྱི་སྤྱི་བདེ་ལས་ཁུངས་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ལ་སྙན་གསེང་ཞུས་པ་ན་སྤྱི་བདེ་ལས་ཁུངས་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཁག་སོགས་ཀྱིས་ཆེས་ཐོག་མའི་དུས་ཚོད་ཀྱི་ནང་དུ་རྩད་གཅོད་དང་ཐག་གཅོད་བྱེད་ངེས། སྙན་གསེང་ཞུ་སའི་ཁ་པར་ཨང་གྲངས་ནི8224110དང8250518  8233110བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།