ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ་དང་པོའི་ཚེས་ལྔ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གསར་དུ་ཞུགས་པའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ་དང་པོའི་ཚེས་ལྔ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གསར་དུ་ཞུགས་པའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ང་ཚོ་ལྟ་བུའི་ཏང་ཆེན་པོ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བཟང་བོ་བྱེད་རྒྱུ་དེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་འབྲེལ་བ་ཆེན་པོ་ཡོད་པས། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་མིག་རྒྱ་ཡངས་བར་བྱེད་པ། རིགས་གཞུང་བསམ་ཕྱོགས་ཇེ་ཆེར་གཏོང་བ། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཤེས་བྱའི་བྱང་ཚད་ཇེ་མཐོར་གཏོང་བ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ལོ་རྒྱུས་དང་དངོས་ཡོད་མཉམ་བསྲེས་བྱེད་པ་དང་རྒྱལ་སྤྱི་དང་རྒྱལ་ནང་མཉམ་འབྲེལ་བྱེད་པ། རིགས་གཞུང་དང་དོན་དངོས་ཟུང་འབྲེལ་བྱས་ཏེ། རིགས་གཞུང་དང་ལག་ལེན་གནད་དོན་གལ་ཆེན་ཁ་ཤས་ཐད་ལ་བསམ་གཞིགས་གཏོང་བ་དང་རྒྱུས་ལོན་ཟབ་མོ་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་ཚད་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཕྱོགས་ལ་གཅིག་སྡུད་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ལ་རྣམ་པ་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་དང་ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ལྷུང་བ་མ་ཡིན་པར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འགོར་བའི་རིང་གི་རླབས་ཆེན་ལག་ལེན་ཁྲོད་བྱུང་ཞིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་ཙམ་འགོར་བའི་རིང་ལ་རྒྱུན་མཐུད་སྒོས་འཚོལ་ཞིབ་བྱས་ནས་བྱུང་བ་དང་། ང་ཚོ་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རླབས་ཆེན་སྤྱི་ཚོགས་གསར་བརྗེ་བྱས་ནས་ལོ་གོ་བདུན་འགོར་བའི་ལག་ལེན་ཁྲོད་དུ་བྱུང་ལ། ཉེ་བའི་དུས་རབས་ཤིག་གི་རིང་ལ་ཀྲུང་ཧྭ་མི་རིགས་ཉམས་པ་ནས་འཕེལ་རྒྱས་བྱུང་བའི་ལོ་བརྒྱ་དང་བདུན་ཅུའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་བྱུང་བ་དང་། ཀྲུང་ཧྭའི་དཔལ་ཡོན་ལོ་ངོ་ལྔ་སྟོང་ལྷག་འགོར་བའི་རིང་ལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་སོང་བའི་ཁྲོད་དུ་བྱུང་བར་མ་ཟད། ཏང་དང་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་གྲུབ་འབྲས་དེ་ཐོབ་པ་སླ་མོ་ཞིག་མིན་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྲུང་གོ་ནས་ལེགས་འགྲུབ་བྱུང་བ་དེ་མར་ཁེ་སི་རིང་ལུགས་དང་ཚན་རིག་སྤྱི་ཚོགས་རིང་ལུགས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་འཛམ་གླིང་སྤྱི་ཚོགས་རིང་ལུགས་ལ་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་གཏན་འཁེལ་བྱས་པའི་ཆབ་སྲིད་ཆོད་གཏམ་གལ་ཆེན་དེ་ང་ཚོས་ངེས་པར་དུ་གསལ་བོར་ཤེས་དགོས་པ་དང་། དུས་རབས་གསར་པ་འདི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཡིན་པ་ལས་དུས་རབས་གསར་པ་གང་རུང་ཞིག་མིན། ཏང་གིས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བའི་སྟེང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་དགོས་པ་དང་ཆེས་རྩ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རང་རྒྱལ་ནི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་པ་དང་འཕེལ་རྒྱས་ཀྱི་གནས་བབ་སྤྱིར་བཏང་དུ་བཟང་ནའང་མདུན་སྐྱོད་ཀྱི་བགྲོད་ལམ་དེ་འདྲ་བདེ་བླག་ཅིག་ཡོང་མི་སྲིད་པ་དང་། གྲུབ་འབྲས་ཆེན་པོ་བླངས་པའི་སྐབས་སུ་སྔར་ལས་གཟབ་ནན་བྱེད་དགོས། ང་ཚོས་མུ་མཐུད་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་བྱས་ཏེ། དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་བར་གྲ་སྒྲིག་བཟང་བོ་བྱེད་པ་དང་ང་ཚོ་ཏང་གིས་གཏན་འཁེལ་བྱས་པའི་རླབས་ཆེན་དམིགས་འབེན་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གཞན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གསར་དུ་ཞུགས་པའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། དམག་དཔུང་གི་ལས་ཁུངས་སོ་སོ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་འཁུར་བ་སོགས་བགྲོ་གླེང་འཛིན་གྲྭར་ཞུགས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཟུར་ཞུགས་བྱས།