མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གཉིས་གསར་དུ་བསྣན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།     ཉེ་སྔོན།  གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན།  རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས2016-2017ལོའི་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་འཛུགས་སྐྲུན་དཔྱད་ཞིབ་དང་བསྐྱར་ཞིབ་མཇུག་འབྲས་སྤྱི་བསྒྲགས་བྱས་ཏེ།   རང་ཞིང་གི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གཉིས་ཀ་ཁག་བཞི་བའི་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས་ལ།   མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་ཁུལ་ཡང་བསྐྱར་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས།      ད་ལྟའི་བར་དུ་རང་ཞིང་གིས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ3དང་ཞིང་ཆེན་རིམ་པའི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ5གསར་སྐྲུན་ལེགས་འགྲུབ་བྱས།  

ཉེ་བའི་ལོ་འདི་འགར།  རང་ཞིང་གིས་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་བྱ་བ་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས་ཏེ།  རིམ་པ་སོ་སོའི་ས་གནས་སྲིད་གཞུང་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གིས་གཅོང་ནད་འགོག་བཅོས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ།  རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་རིམ་བཞིན་ཇེ་མང་དུ་བཏང་།    ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་གཅོང་ནད་འགོག་བཅོས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད(2017-2025)》དཔར་འགྲེམས་བྱས།   ཞིང་ཆེན་རིམ་པའི་དབུགས་ནད་དང་ཀླད་པའི་ཁྲག་རྩའི་ནད།  སྙིང་ཁམས་ཁྲག་རྩའི་ནད། གཅིན་པ་མངར་འགྱུར་གྱི་ནད།  ཁ་ནད།  འབྲས་སྐྲན་སོགས་གཅོང་ནད་འགོག་བཅོས་ལྟེ་གནས6བསྟུད་མར་བཙུགས་ཏེ་ཞིང་ཆེན་རིམ་པའི་གཅོང་ནད་འགོག་བཅོས་ཀྱི་མ་ལག་འཐུས་ཚང་དུ་བཏང་།    “སྲིད་གཞུང་གི་གཙོ་ཁྲིད་དང་སྡེ་ཁག་གི་རོགས་འདེགས། སྤྱི་ཚོགས་སྐུལ་སློང་།  དམངས་ཡོངས་ཞུགས་པའི ”གཅོང་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྒྲིག་གཞི་གཞི་རྩའི་ཆ་ནས་བཙུགས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་ལེགས་པོ་ཞིག་གདིང་བར་སྐུལ་འདེད་བྱས།