ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་དགོས།

— བློ་མཐུན་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་ལ་གནང་བའི་སྙན་ཞུའི་གནད་བསྡུས་བཀོད་པ།

ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ10པའི་ཚེས18ཉིན་བསྒྲགས་པའི་གློག་འཕྲིན་ལྟར་ན། བློ་མཐུན་ཞི་ཅིན་ཕེན་གྱིས་ཚོགས་ཆེན་བཅུ་དགུ་བའི་སྙན་སྒྲོན་གནང་སྐབས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན།

ཞི་ཅིན་ཕེན་གྱིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་གསར་བར་སྐྱོད་པའི་འགག་རྩའི་དུས་སུ་སྐོང་འཚོགས་བྱས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད།

ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་བསམ་འདུན་མི་བརྗེད་ཅིང་།  འགན་འཁྲི་ཡིད་ལ་བརྟན་འཇགས་སྒོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པ་དང་།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་ཡིན།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུང་དོན། ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་འཁྱོངས་པར་བྱེད་ཐུབ།  ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་མི་རྒྱུན་མི་ཆད་པར་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་བྱེད་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ནམ་ཡིན་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་གྱི་ཐོག་ནས། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་སྨོན་ཚུལ་དེ་ནམ་ཡང་འབད་འཐབ་ཀྱི་དམིགས་ཡུལ་དུ་བཟུང་སྟེ། དུས་ནམ་ཡང་རྣམ་གཡེང་གི་བསམ་འཁྱེར་མི་འཆང་བར་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལྡན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་བརྗིད་རླབས་ཆེ་བའི་དམིགས་ཡུལ་འགྲུབ་པར་ཁ་ཕྱོགས་ནས་མུ་མཐུད་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་རྒྱུ་དེ་ཡིན།

ཞི་ཅིན་ཕེན་གྱིས་བསྟན་དོན།  དེང་སྐབས།  རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཆེན་པོ་བྱུང་བཞིན་ཡོད་པ་དང་།  རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐུབ་ཇུས་ཀྱི་གོ་སྐབས་ལྡན་པའི་དུས་སྐབས་གལ་ཆེན་དུ་གནས་པས།  མདུན་ལྗོངས་ལ་འོད་སྟོང་རབ་ཏུ་རྒྱས་ཤིང་།  འགྲན་སློང་ཡང་ཧ་ཅང་དྲག་པོར་ཐུག་ཡོད།  ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་མིག་རྒྱང་སྔར་ལས་རིང་བ་དང་།  བདེ་དུས་ཉེན་དྲན།  འཕོ་འགྱུར་གཏོང་ཕོད་པ། གསར་དུ་གཏོད་ཕོད་པ།  འཕེལ་རྒྱུན་ནམ་ཡང་མི་ཆད་པ།  འཕེལ་མཚམས་ནམ་ཡང་མི་འཇོག་པར།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།།