མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ནས་གསབ་ཁྲིད་བྱེད་པར་གཏན་འགོག་བྱེད་པར་ཤུགས་བསྣན་པ།

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ནས་གསབ་ཁྲིད་བྱེད་པར་བཀག་འགོག་བྱེད་པར་ཤུགས་སྣོན་དང་དོ་དམ་བྱེད་པའི་སྐོར་གྱི་བརྡ་ཐོ་བཀྲམ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས«སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ཏེ་གསབ་ཁྲིད་བྱེད་པར་གཏན་འགོག་བྱེད་པར་ཤུགས་སྣོན་དང་དོ་དམ་བྱེད་པའི་སྐོར་གྱི་བརྡ་ཐོ»བཀྲམ་སྟེ། ས་གནས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ནས་གསབ་ཁྲིད་བྱེད་པར་གཏན་འགོག་བྱེད་པར་ཤུགས་སྣོན་དང་དོ་དམ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་བྱེད་ཐབས་སྤྱད་དེ་སྤུས་ཚད་མཐོ་བ་དང་ལས་ཆོད་མཐོ་བའི་སློབ་ཁང་སློབ་ཁྲིད་ཀྱིས་ནུས་ཡོད་སྒོས་དགེ་རྒན་སློབ་ཁྲིད་ཀྱི་རྗེས་མི་ཆོད་པ་དང་གསབ་ཁྲིད་བྱེད་པ། བསྐྱར་ཟློས་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱེད་པ་སོགས་ཀྱི་སྣང་ཚུལ་ཐག་གཅོད་བྱས་ཏེ། སློབ་མའི་སློབ་སྦྱོང་གི་འགན་ཁུར་ཇེ་ཡང་དུ་བཏང་ནས་ཁོ་ཚོར་དཔེ་ཀློག་གི་སྤྲོ་སྣང་ལོངས་སྤྱོད་བྱེད་པ་དང་། སྤྱི་ཚོགས་ཀྱི་ལག་ལེན་དང་ཁྱིམ་ལས་ངལ་རྩོལ་ཁྲོད་ཞུགས་པ། རང་ཉིད་ཀྱི་དགའ་ཕྱོགས་ལྟར་སློབ་ཕྱིའི་རིག་རྩལ་བྱ་འགུལ་ལ་ཞུགས་པའི་དུས་ཚོད་ཡོད་པར་བྱས་ནས་སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི«སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ནས་གསབ་ཁྲིད་བྱེད་པར་གཏན་འགོག་བྱེད་པའི་གཏན་འཁེལ་འགའ»ཞེས་པ་ལྟར་སློབ་གྲྭ་ཆུང་འབྲིང་གིས་སྒྲིག་འགལ་གྱིས་སློབ་མ་རྩ་འཛུགས་བྱས་ཏེ་གསབ་ཁྲིད་བྱེད་པར་གཏན་འགོག་དང་། སློབ་གྲྭ་ཆུང་འབྲིང་གིས་སློབ་ཕྱིའི་ལས་ཁུངས་དང་མཉམ་འབྲེལ་སྒོས་གླ་རིན་བླངས་ཏེ་གསབ་ཁྲིད་བྱེད་པའམ་ཡང་ན་དེར་སློབ་གསོའི་སློབ་ཁྲིད་སྒྲིག་ཆས་དང་སློབ་མའི་ཆ་འཕྲིན་འདོན་སྤྲོད་བྱེད་པར་གཏན་འགོག སློབ་གྲྭ་ཆུང་འབྲིང་གི་ལས་ཐོག་དགེ་རྒན་གྱིས་རྣམ་པ་གང་རུང་གི་གླ་རིན་བླངས་ཏེ་གསབ་ཁྲིད་བྱེད་པར་གཏན་འགོག་བྱས་ཏེ། གླ་རིན་ལེན་པའི་གསབ་ཁྲིད་ལ་བཟོད་སྒོམ་ཅི་ཡང་མི་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭས་སློབ་གྲྭ་དང་དགེ་རྒན་གྱི་དོ་དམ་ལ་ཤུགས་བསྣན་ནས་སློབ་གྲྭ་ཆུང་འབྲིང་དང་ལས་ཐོག་དགེ་རྒན་གྱིས་གླ་རིན་བླངས་ཏེ་གསབ་ཁྲིད་བྱེད་པ་དེ་སློབ་གྲྭའི་ལྟ་ཞིབ་འགན་ཁུར་དང་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལམ་ལུགས་ཁྲོད་འཇོག་དགོས་ལ། སློབ་གྲྭས་དགེ་རྒན་ལ་གླ་རིན་ལེན་པའི་གསབ་ཁྲིད་ཁྲོད་མི་ཞུགས་པའི་ཁས་ལེན་ཡི་གེ་འབྲི་རུ་བཅུག་སྟེ་ཁྱོན་ཡོངས་ནས་གཏན་འཁེལ་སོ་སོ་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་བྱེད་དགོས།

བརྡ་ཐོ་ལས་ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་གཟབ་ནན་གྱིས་སློབ་གསོ་པུའུ་དང་མཚོ་སྔོན་ཞིང་ཆེན་སློས་གསོ་ཐིན་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་གླ་རིན་ལེན་པའི་གསབ་ཁྲིད་ལ་ཆད་པ་གཅོད་པའི་ལམ་ལུགས་འཐུས་ཚང་བཙུགས་ཏེ། གནད་དོན་གཅིག་མཐོང་ཚེ་དེ་ལ་ཞིབ་བཤེར་ནན་མོ་དང་ཞིབ་དཔྱད། ཐག་གཅོད་བྱེད་དགོས། མཐོང་བའི་གནད་དོན་ལ་ཞིབ་དཔྱད་བྱས་རྗེས་སྒྲིག་འགལ་གསབ་ཁྲིད་ཀྱི་བྱ་སྤྱོད་གནས་པའི་སློབ་གྲྭ་ཆུང་འབྲིང་ལ་གནས་ཚུལ་གྱི་ཚབས་ཆེ་ཆུང་ལྟར་བརྡ་ཁྱབ་གཏོང་བ་དང་གཟི་བརྗིད་མཚན་སྙན་མེད་པར་བཟོ་བ། ལེགས་འདེམས་སྔོན་འདེམས་དེ་འཛིན་ཤོག་གཅིག་གིས་མེད་པར་གཏོང་བ་མ་ཟད། སློབ་གྲྭའི་འགོ་ཁྲིད་ཀྱི་འགན་ཁུར་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི་ལ་རྩད་གཅོད་བྱེད་དགོས་པ་དང་། གླ་རིན་བླངས་ཏེ་གསབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང་གི་ལས་ཐོག་དགེ་རྒན་ལ་གནས་ཚུལ་གྱི་ཚབས་ཆེ་ཆུང་ལྟར་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་དང་ཞིབ་བཤེར་བཀའ་རྒྱ་གཏོང་བ། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པར་མ་ཟད། ཐ་ན་སྐྱོན་ཐོ་འགོད་པ་དང་ཆེད་ལས་ལག་རྩལ་པའི་གོ་མིང་རིམ་པ་ཇེ་དམའ་རུ་གཏོང་བ། དགེ་རྒན་གྱི་དཔང་ཡིག་མེད་པར་གཏོང་བའམ་སྲིད་འཛིན་འགན་ལེན་དང་ཕྱིར་ཕུད་གཏོང་བ་སོགས་ཀྱི་ཆད་པ་གཅོད་དགོས་པའི་རེ་བ་བཏོན།