མཁས་དབང་བསམ་གྲུབ་རྒྱ་མཚོས་སྐར་རྩིས་ལ་ཞིབ་འཇུག་མཛད་པའི་ལམ་བུ།

རྩོམ་པ་པོ།གོ་ཤུལ་གྲགས་པ་འབྱུང་གནས།

ཐོས་བསམ་སྒོམ་པའི་ཉམས་ལེན་མཐར་ཕྱིན་ནས། །

འཆད་རྩོད་རྩོམ་པའི་གཞན་དོན་ཡོངས་སུ་གྲུབ། །

མཁས་བཙུན་བཟང་པོའི་ཡོན་ཏན་རྨ་མེད་པ། །

བསམ་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།

དང་པོ།  སློབ་གཉེར་མཛད་ཚུལ།

དེ་ཡང་སྤྱི་ལོ1923ལོར་མདོ་སྨད་རྟའི་ཆོལ་ཁ་ད་ལྟའི་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་སྲས་གཙང་ཡུལ་དུ་ཁྱེའུ་ངོ་མཚར་ཅན་ཞིག་སྐུ་འཁྲུངས། དགུང་ལོ11པར་དབུ་སྐྲ་སྨུག་འཁྱིལ་ལེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རབ་ཏུ་བྱུང་། དེ་ནས་ཀྱཻ་རྡོར་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་ཨོ་འཁྱིལ་སྐལ་བཟང་ལེགས་བཤད་སོགས་ལ་བསྟེན་ནས། སྐར་རྩིས་དང་རྒྱ་རྩིས་ལ་སློབ་སྦྱོང་ཧུར་བརྩོན་མཛད་པས་གནམ་ས་གོ་འབྱེད་དང་། ཉིན་མཚན་གོ་འབྱེད། ཉི་ཟླ་གཟའ་སྐར།དབྱར་དགུན་སྟོན་དཔྱིད། ལོ་ཟླ་ཞག་གསུམ། ཆུ་ཚོད་འཁོར་ལོ་སོགས་རང་བྱུང་ཁམས་ཀྱི་དངོས་པོ་འདི་རྣམས་ག་འདྲ་བྱས་ནས་བྱུང་བ་ལ་ཡ་མཚན་སྐྱེས་ཤིང་། དུས་རྒྱུན་དུ་རང་ཉིད་གཅིག་པུ་བཞུགས་ནས་བསམ་གཞིགས་ཡང་ཡང་མཛད་དོ།། ཉིན་ཞིག་ལ་རང་ཉིད་ཀྱི་གཟུགས་པོའི་གྲིབ་མ་ལ་བལྟས་ཏེ། རང་ཉིད་ཡར་ལངས་ན་གྲིབ་མ་རིང་བ་དང་རང་ཉིད་མར་བསྡད་ན་གྲིབ་མ་ཐུང་བར་གྱུར་བའི་གནས་ཚུལ་ལ་དཔྱད་པ་བཏང་སྟེ། རིང་བ་ཡོད་ན་ཐུང་བ་ཡོད་པའི་གནས་ལུགས་དེ་ཧ་གོ་ནས་གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་རྩོད་སྒྲུབ་རིག་པའི་དགོངས་པ་ཐུགས་ལ་འཁྲུངས་སོ། །

དགུང་ལོ19པར་ལྷ་སར་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ནས་ལོ་གསུམ་གྱི་རིང་དུ་བསྡུས་བློ་རྟགས་གསུམ་དང་གྲུབ་དོན་ས་གསུམ་སོགས་ལ་སློབ་སྦྱོང་ནན་ཏན་མཛད་ཅིང་། དགའ་ལྡན་ཁྲི་ཐོག94པ་ལྷུན་གྲུབ་བརྩོན་འགྲུས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང་དགུང་ལོ22པར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ལོ་བདུན་གྱི་རིང་དུ་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་བསྐྱེད་རྫོགས་ཀྱི་ཆོས་སྐོར་ལ་སློབ་སྦྱོང་མཛད་པས་མཁས་པར་གྱུར། དགུང་ལོ29(1951)པར་ལྷོ་ཁའི་འོལ་ཁ་ཆོས་ལུང་སོགས་སུ་ཕེབས་ནས་ལམ་སྒོམ་པ་ཉམས་སུ་བླངས་སོ།། དགུང་ལོ31(1953)པར་མདོ་སྨད་ལ་ལོག་ཕེབས་མཛད་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་གསང་ཁོག་འཇིགས་མེད་རྒྱ་མཚོ་དང་། དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ལས་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་གྱིས་གསན་པས་གདམས་པའི་གཏེར་མཛོད་དུ་གྱུར་ཏོ། །

གཉིས་པ། སློབ་ཁྲིད་དང་ཞིབ་འཇུག་མཛད་ཚུལ།

དགུང་ལོ36(1958)པར་ཟ་གཡུ་ནང་ཞེས་པའི་གྲོང་སྡེར་ཕེབས་ནས་ཐུན་མོང་གི་ངལ་རྩོལ་དུ་ཞུགས་པ་དང་གྲོང་སྡེའི་རྩིས་གཉེར་པའི་འགན་ཁུར་བཞེས། དེ་དུས་ཟོན་པན་ཞེས་པའི་རྩིས་གཞོང་གི་ཐོག་ནས་བསྒྱུར་བགོད་སྣོན་འཕྲི་སོགས་ལ་ཐོགས་མེད་དུ་འཇུག་ཅིང་། ལོ་ཉི་ཤུའི་རིང་དུ་སྐར་རྩིས་རིག་པའི་སྟོང་འཇུག་ཞག་གསུམ་སོགས་ཀྱི་སྐོར་ལ་ངེས་པ་རྟིང་ནས་རྙེད་དེ། གྲངས་གནས་དྲུག་ཅུའི་བར་དུ་འབྱོངས་ཚད་ཐོན་པར་མཛད་དོ། །

དགུང་ལོ57(1979)པར་སི་ཁྲོན་ཁྲེན་ཏུའུ་ལ་ཕེབས་ནས་བོད་རྒྱ་ཚིག་མཛོད་ཆེན་མོའི་ལས་གཞིའི་ནང་དུ་ཞུགས་ཤིང་གནམ་རིག་སྐར་རྩིས་སྐོར་གྱི་བརྡ་ཆད་དག་ལ་མཆན་འགྲེལ་མཛད་པ་དང་། ལས་ཞོར་དུ་མཁས་དབང་དམུ་དགེ་བསམ་གཏན་ལས་སྒྲ་རིག་པ་སོགས་རིག་གནས་སྐོར་གྱི་དཔེ་ཁྲིད་མང་དུ་ཞུས་པས་ཀུན་བཏགས་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་ལང་ཚོ་ཞེས་གསོལ་ཏོ། །

དགུང་ལོ62(1984)པར་སི་ཁྲོན་མཛོད་དགེ་བཞག་སྡོམ་སྤང་ལྗོངས་སུ་ཟླ་བ་གཉིས་ལྷག་ཙམ་གྱི་རིང་དུ་སྐར་རྩིས་ཀྱི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ལ་སློབ་ཁྲིད་གནངས་པ་དང་། དགུང་ལོ63(1985)པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡོན་ཀྲང་གཞོན་པ་སྙིང་བོ་རྒྱལ་གྱིས་བོད་ཀྱི་སྐད་ཡིག་སྡེ་ཁག་ལ་གདན་འདྲེན་ཞུས་ཏེ་དགེ་རྒན་ཆེན་མོའི་ལས་ཐོབ་ཕུལ་བ་དང་། ལོ་རིམ་གྱ་ལྔ་པའི་ཞིབ་འཇུག་འཛིན་གྲྭའི་སློབ་མ15ལ་སྒྲ་རིག་པ་དང་སྐར་རྩིས་རིག་པ་སོགས་ཀྱི་སློབ་ཁྲིད་གནངས་ཤིང་། དགུང་ལོ64(1986)པར་མཚོ་སྔོན་སློབ་གསོ་སློབ་གླིང་གིས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་དགེ་སློབ་ཡོངས་ལ《རིགས་ལྡན་མཆོད་པའི་འོད་སྣང》དང་། 《རིགས་ལྡན་སྙིང་ཐིག》།《མཱ་ཡང་རྒྱ་རྩིས་སྙིང་བསྡུས》སོགས་སློབ་ཁྲིད་གནངས་སོ།  །

དགུང་ལོ68(1990)པར་པེ་ཅིང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་། ལོ་གཅིག་གི་རིང་དུ་ཉིད་ཀྱིས་མཛད་པའི《སྐར་རྩིས་ཀུན་འདུས་ནོར་བུའི》སྟེང་ནས་རྩིས་ཀྱི་ལག་ལེན་དང་གོ་དོན། མཇུག་གི་རེའུ་མིག་འཛིན་ཚུལ་སོགས་ཞིབ་རྒྱས་ཀྱིས་སློབ་ཁྲིད་གནང། དགུང་ལོ73(1995)པར་ཀན་སུའུ་ཞིང་ཆེན་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭས་ཀན་ལྷོའི་དགོན་ཁག་སུམ་ཅུ་ལྷག་གི་གྲྭ་པ་མོས་པ་ཅན་རྣམས་བསྡུས་ཏེ་སྐར་རྩིས་ཀྱི་འཛིན་གྲྭ་བཙུགས་པར་ཕེབས་ཤིང་། 《སྐར་རྩིས་ཀུན་འདུས་ནོར་བུའི》ལག་ལེན་དང་གོ་དོན་ཞིབ་རྒྱས་སློབ་ཁྲིད་གནངས་སོ། ། དགུང་ལོ74(1996)པར་སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་། དེ་གར་ཕྱོགས་སོ་སོ་ནས་གྲྭ་པ་མོས་པ་ཅན་མང་པོ་བསྡུས་པ་ལ་ལོ་གཅིག་གི་རིང་དུ《སྐར་རྩིས་ཀུན་འདུས་ནོར་བུའི》གོ་དོན་དང་ས་རིས་བཅས་པ་རྒྱས་པར་སློབ་ཁྲིད་གནངས་ཤིང་། དགུང་ལོ83(2006)པར་སྐུ་ཚེ་འདིའི་རྣམ་ཐར་རྫོགས་ཁུལ་མཛད་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །

གསུམ་པ། ཞིབ་འཇུག་གི་གྲུབ་འབྲས་ཐོབ་ཚུལ།

དེ་ཡང་ཁོང་གི་གསུང་རྩོམ་ནི《སྐར་རྩིས་ཀྱི་ལོ་རྒྱུས་མདོར་བསྡུས》དང་། 《སྐར་རྩིས་ཀྱི་ངོ་སྤྲོད་མདོར་བསྡུས》《བོད་ཀྱི་སྐར་རྩིས་རིག་པའི་ཚིག་མཛོད》《སྐར་རྩིས་ཀུན་འདུས་ནོར་བུའི》སྟོད་སྨད་གཉིས་སོགས་ཡོད་ཅིང་། དེ་དག་གི་ཐུན་མིན་གྱི་ཁྱད་ཆོས་ནི《སྐར་རྩིས་ཀུན་འདུས་ནོར་བུ》ལ་ཆ་མཚོན་ནས་བཤད་ན་འདི་ལྟར་ཡོད་དེ། དེང་སྐབས་སྐར་རྩིས་རིག་པ་ལ་དགོས་མཁོ་ཆེ་བའི་དགེ་རྒན་དང་ཞིབ་འཇུག་པ་རྣམས་ཀྱིས་བེད་སྤྱོད་གཏོང་བདེ་བའི་ཆེད་དུ་སྔར་ཡོད་ཀྱི་རྩིས་གཞུང་ཕྱག་མཛོད་གསུང་རབ་ཀྱི《རིགས་ལྡན་སྙིང་ཐིག》དང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི《རིགས་ལྡན་མཆོད་པའི་འོད་སྣང》གཉིས་གཞིར་བཞག་མཛད་དེ། ཕུག་པ་ལྷུན་གྲུབ་རྒྱ་མཚོའི《པད་དཀར་ཞལ་ལུང་》དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མའི《མཁས་པའི་སྙིང་ནོར》། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི《དགའ་ལྡན་རྩིས་གསར》། གོ་ཤྲི་མི་འགྱུར་རྡོ་རྗེའི《ཡང་གསལ་སྒྲོན་མེ》སོགས་ཀྱི་སྙིང་བཅུད་རྣམས་གུང་བསྒྲིགས་ཤིང་། རྩིས་མགོ་གསར་དུ་སྤོས་ཏེ་ཞག་གསུམ་གྱི་ལྔ་བསྡུས་དང་གཟའ་ལྔའི་སྒྲུབ་ཚུལ་རིགས་པའི་རྣམ་གྲངས་མང་པོའི་སྒོ་ནས་གཏན་འབེབས་མཛད་པ་དང་། ལྷག་པར་དུ་སྟོང་ཆེན་ལོ་ཚོགས་ལས་འདས་ལོ་མི་འདྲ་བ་ལྔའི་སྒོ་ནས་ལུགས་སོ་སོའི་རྩིས་མགོའི་ཁུངས་བཙལ་ཏེ། ཞག་གསུམ་གྱི་ལྔ་སྒྲ་གཟའ་ལྔ་དང་བཅས་པ་བདེ་བླག་ཏུ་རྟོགས་ཐུབ་པའི་སྒྲུབ་ཚུལ་དུ་མ་གསར་དུ་བཏོན་པ་དང་། མགྱོགས་རྩིས་སྐབས་ཀྱི་གཟའ་ལྔའི་སྤྱི་ནོར་སྒྲུབ་ཚུལ་གསལ་ཁ་ཆེ་ཞིང་ཤིན་ཏུ་རྒྱས་པའི་རེའུ་མིག་དང་། རེའུ་མིག་འཛིན་ཚུལ་གོ་བདེ་ཞིང་ཆ་ཚང་བ་སོགས་ཁ་བསབ་དང་གསལ་ཁ་འབྱེད་དགོས་ངེས་རྣམས་ཀྱང་གསར་དུ་སྣོན་ཏེ། ས་བཅད་བཅུ་གཉིས་སུ་བཀར་ནས་བརྩམས་པས་རྩིས་གཞུང་གཞན་ལས་བལྟ་བདེ་བར་མཛད་དོ། །

བཞི་པ། ཕྱི་རབས་པ་ལ་ཤུགས་རྐྱེན་ཐེབས་ཚུལ།

ཁོང་གིས་སྐུ་ཚེ་གང་བོར་སློབ་ཁྲིད་དང་ཞིབ་འཇུག་གི་ཕྱག་ལས་གནང་བས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། གཙོས་མི་རིགས་དགེ་འོད་སློབ་གྲྭ་ཆེན་མོ། བོད་ལྗོངས་སྨན་རྩིས་ཁང་སོགས་དང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་དང་། སྐུ་འབུམ་དགོན། རོང་བོ་དགོན། བྱ་ཁྱུང་དགོན། ལྡི་ཚ་དགོན། གཙོས་དགོན་ཆེན་སོགས་ལ་ཁོང་གི་དངོས་སློབ་དང་ཡང་སློབ་མང་པོ་ཡོད་གཤིས། དེ་དག་གིས་སྒྲ་རིག་སྐར་རྩིས་ཀྱི་རིག་གནས་འདི་སློབ་ཁྲིད་དང་ཞིབ་འཇུག་གི་རྒྱུན་བསྲིངས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་དོ། །

ལྔ་པ། མཇུག་བསྡུ་གཏམ།

ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་༧བསམ་གྲུབ་རྒྱ་མཚོ་མཆོག་གིས་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་པ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ། ཀྲུང་གོའི་བོད་ཡིག་རང་བྱུང་ཚན་རིག་མིང་ཚིག་ཚད་ལྡན་ཞིབ་བཤེར་ཚན་ཆུང་གི་བློ་འདྲི་ས། བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀན་སུའུ་ཞིང་ཆེན་ནང་བསྟན་ཆོས་ཚོགས་ཀྱི་ལས་འཛིན་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་སོགས་ཀྱི་འགན་ཁུར་བཞེས་མྱོང་བ་དང་། ཁོང་ནི་དུས་རབས་གཅིག་གི་རྨད་བྱུང་སློབ་དཔོན་ཞིག་ཡིན་ཀྱང་། རྒྱུན་དུ་སོ་སྐྱེ་དཀྱུས་མ་ཞིག་གི་ཚུལ་བཟུང་ནས་འཛུམ་དམུལ་ལེ་བཞུགས་པས་ན་འགྲོགས་བདེ་བ་དང་། གཤིས་རྒྱུད་འཇམ་པས་ཞུ་བདེ་བ། ཀུན་སློང་དག་པས་ལོབས་སླ་བ། སྤྱོད་པ་མཛེས་པས་ཡིད་འགུགས་པ། ཐབས་ལ་མཁས་པས་ཕན་ཐོགས་པ།རྣམ་དཔྱོད་ཆེ་བས་མཐའ་ཆོད་པ།ཞིབ་ཆ་ཆེ་བས་བློ་ལ་འབྱོངས་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་དང་། ཁོང་གིས་ང་ཚོ་ལ་དཔེ་ཆ་ལྟ་དུས་གཡག་ལྟོགས་ཀྱིས་རྩྭ་ཟ་བ་དང་། དཔྱད་པ་གཏོང་དུས་བྱ་རྒོད་ནམ་མཁའ་ལ་འཕུར་བ་ལྟ་བུ་ཞིག་བྱེད་དགོས་ཞེས་ཡང་ནས་ཡང་དུ་བསྐུལ་མ་མཛད་དོ། །

ང་ཚོས་མུ་མཐུད་ནས་ཁོང་གི་གཞན་ཕན་གྱི་བསམ་བློ་ལ་སློབ་སྦྱོང་དང་རྒྱུན་འཁྱོངས་བྱེད་པར་མ་ཟད། ན་ཆུང་སློབ་མའི་ཚོགས་ལ་ཡང་ཨ་ཁུ་བསམ་གྲུབ་རྒྱ་མཚོ་ཚང་གི་དགེ་རྒན་གྱི་མཚན་ཉིད་བཅུ་ལྡན་དང་རང་བྱུང་ཚན་རིག་གི་ཞིབ་འཇུག་ཐབས་ལམ་རྣམས་ངོ་སྤྲོད་དང་གསལ་བསྒྲགས་བྱེད་རྒྱུ་ནི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཡིན་ནོ་ཞེས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་རྣམས་ལ་འབོད་བསྐུལ་ཞུ་བའོ།།