ལིས་ཁི་ཆང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ཡུན་རིང་པོར་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་སྔོན་གྲལ་དུ་སྐྱོད་བཞིན་ཡོད་ལ། དེ་ནི་ཕྱོགས་གཉིས་ཀྱིས་དུས་རྟག་ཏུ་ཕན་ཚུན་བརྩི་བཀུར་བྱས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་བཟུང་བ། མཉམ་ལས་མཉམ་རྒྱལ་བྱས་པ་བཅས་ལ་བརྟེན་ནས་བྱུང་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་མཛད་དེ། དུས་རབས་གསར་པའི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་འཐབ་ཇུས་ཀྱི་འཆར་འགོད་བྱས་ཡོད། རྒྱལ་སྤྱིའི་གནས་བབ་ལ་ངེས་གཏན་མེད་པ་དང་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ད་དུང་འབུར་ཐོན་ཡིན་པའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་པ། འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་ཀྱི་དགོས་ངེས་རང་བཞིན་སྔར་ལས་འབུར་དུ་ཐོན་ཡོད། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་མུ་མཐུད་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་གསར་པ་འབྱུང་བར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད། ཁྲོམ་རར་འཇུག་ཚད་སྔར་ལས་ཇེ་ཡངས་སུ་གཏོང་བ་བཅས་བྱེད་རྒྱུ་ཡིན་ལ། དེས་ཧྥ་རན་སི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད། ང་ཚོས་ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོར་མ་དངུལ་གཏོང་ཚད་དང་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཧྥ་རན་སི་ཕྱོགས་ཀྱིས་ལག་རྩལ་མཐོ་བའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་སྔར་ལས་རྒྱ་བསྐྱེད་རྒྱུའི་རེ་བ་བཅངས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་ནུས་པ་དང་། མཁའ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། མཉམ་ལས་བྱེད་ཐབས་གསར་གཏོད་བྱས་ཏེ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་བསྐྱེད་དགོས་ལ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་སྤེལ་བྱས་ཏེ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་རྩེ་གྲས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་ཡིན་ལ། མཐུན་སྒྲིལ་དང་བརྟན་འཇགས། འཕེལ་རྒྱས་ཀྱི་ཡོ་རོབ་གླིང་ཞིག་མཐོང་འདོད་ཡོད་པ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་འཕེལ་རྒྱས་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཡོ་རོབ་གླིང་བར་དུ་ཕྱོགས་གཉིས་ཀྱི་དངུལ་གཏོང་ཆོད་དོན་འགོད་པའི་གྲོས་མོལ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་དོན་སྙིང་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་རིང་དུ་བརྒལ་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་ཡུན་རིང་པོར་མཉམ་ལས་བྱེད་པའི་རྨང་གཞིའི་སྟེང་དུ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྔར་ལས་འཆར་འགོད་བྱེད་པ་དང་། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ། ཚན་རིག་ཞིབ་འཇུག་དང་མིས་བཟོས་རིག་ནུས། མཁའ་འགྲུལ། ཉིང་རྡུལ་ནུས་པ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། ཕན་ཚན་བར་དུ་ཁྲོམ་རའི་སྒོ་འབྱེད་ཚད་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཧྥ་རན་སི་དང་ཀྲུང་གོ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ནས། ལག་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཟེར།