ད་ལོ་རང་ཞིང་ལ་རྒྱལ་ཁབ་རིམ་པའི་རྣམ་གྲངས119དང་ཞིང་ཆེན་རིམ་པའི་རྣམ་གྲངས470གསར་སྣོན་བྱས་ཏེ་མུ་མཐུད་དུ་གསོ་རིག་རྣམ་གྲངས་སྤེལ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གསོ་རིག་འཕྲོད་བསྟེན་རིག་གཞུང་ཚོགས་པའི་མཉམ་སྦྲེལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན།རྒྱལ་ཡོངས་མུར་སྤེལ་སློབ་གསོའི་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་ཚན་ཁག་གི་ཚོ་ཆུང་གིས་དཔྱད་འཇོག་ཞིབ་སྡུར་དང་མཚོ་སྔོན་ཞིང་ཆེན་མུར་སྤེལ་གསོ་རིག་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་ཆེད་མཁས་མི་སྣ་རྩ་འཛུགས་ཀྱིས་ཚད་ལེན་ཞིབ་བཤེར་བྱས་པ་བརྒྱུད།2018ལོར་རང་ཞིང་དུ་རྒྱལ་ཁབ་རིམ་པའི་མུར་སྤེལ་གསོ་རིག་སློབ་གསོའི་རྣམ་གྲངས119དང་ཞིང་ཆེན་རིམ་པའི་མུར་སྤེལ་གསོ་རིག་རྣམ་གྲངས470སྤེལ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། རྒྱལ་ཁབ་རིམ་པའི་མུར་སྤེལ་གསོ་རིག་སློབ་གསོའི་རྣམ་གྲངས119ཡི་ཁོངས་སུ་རྒྱལ་སྤྱིའི་མཐོ་སྒང་གསོ་རིག་དང་དབྱང་དབུགས་དམའ་བའི་ནད་ཐོག་སྐྱེ་ཁམས་རིག་པའི་ཆེས་མཐོའི་དཔྱད་སྡུར། མཐོ་སྒང་བྱིས་པའི་མྱུར་སྐྱོབ་གསོ་རིག་མྱུར་སྐྱོབའཕེལ་རྒྱས་ཀྱི་སློབ་སྦྱོང་འཛིན་གྲྭ། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚད་ལྡན་ལམ་ལུགས་ཀྱི་བཟོ་བཅོས་གསབ་སྦྱོང་འཛིན་གྲྭ་སོགས་ཡོད། རྣམ་གྲངས་དེ་ལག་བསྟར་བྱེད་པའི་ལས་ཁུངས་ལ་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་སྨན་བཅོས་སྒྲིག་གཞི་ལས་གཞན། ད་རུང་ཞིང་ཆེན་ཟུངས་ཁྲག་མཁོ་སྤྲོད་ལྟེ་གནས་དང་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་། ཞིང་ཆེན་སྦྲུམ་མའི་བདེ་སྲུང་ཁང་སོགས་ཀྱིས་ཀྱང་རྣམ་གྲངས་གང་དེ་ལག་བསྟར་བྱེད་བཞིན་ཡོད།

མུར་སྤེལ་གསོ་རིག་སློབ་གསོ་ནི་གཞུང་ལུགས་གསར་བ་བཞི་ལ་སློབ་སྦྱོང་བྱེད་སྟངས་ཤིག་སྟེ་གཞུང་ལུགས་གསར་བ་དང་ཤེས་བྱ་གསར་བ། ལག་རྩལ་གསར་བ། བྱེད་ཐབས་གསར་བ་བཅས་གཙོ་བོར་བཟུང་བའི་རང་བཞིན་སློབ་གསོ་ཤིག་སྟེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མུར་སྤེལ་གསོ་རིག་སློབ་གསོའི་རྣམ་གྲངས་སྒྲུབ་འགན་དུ་བླངས་བ་བརྒྱུད་རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚན་རིག་དར་སྤེལ་རིག་པའི་ཆུ་ཚད་ཀྱི་ཆེས་ལེགས་པོའི་འགྲེམས་སྟོན་དེ་རང་ཞིང་གི་སྨན་བཅོས་སྒྲིག་གཞིའི་བཅོས་སྒྱུར་ཐད་ཤེས་རིག་གི་རྒྱབ་རྟེན་ཆེན་པོ་བཅོལ་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།