ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཀྱི་2018ལོའི་སྲུང་སྐར་འཕེན་གཏོང་ལ"འགོ་འཛུགས་བཀྲ་ཤིས"བྱུང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་གྱི་ཆུ་ཚོད་11དང་སྐར་མ་24ཡི་ཐོག་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཏང་སྟེ་ཀའོ་ཅིང་ཨང་དང་པོ་03དང་04རྟགས་ཅན་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་བས། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཀྱི་་2018ལོའི་འཕེན་གཏོང་ཐོག་མའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

ད་རེས་ཀྱི་ལས་འགན་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་རང་བརྟེན་འཕེལ་རྒྱས་བཏང་བའི་ཚོང་ལས་ཀྱི་རྒྱང་ཚོར་སྲུང་སྐར་སྐར་ཁྱིམ་གྱི་འཕེན་གཏོང་བྱེད་ཐེངས་གཉིས་པ་དེ་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་འབྱེད་ཕྱོད་མཐོ་བའི་རྒྱང་ཚོར་སྲུང་སྐར་ཚོང་ལས་ཅན་གྱི་གཉེར་སྐྱོང་འཚོལ་ཞིབ་དང་མངོན་འགྱུར་ཡོང་ཆེད་རེད། ཀའོ་ཅིང་ཨང་དང་པོ་03དང་04རྟགས་ཅན་སྲུང་སྐར་ལ་སྨི་0.5རིམ་པའི་འབྱེད་ཕྱོད་མཐོ་པོ་ལྡན་ཡོད། སྲུང་སྐར་འཁོར་ལམ་ཐོག་ཏུ་ཚད་ལེན་ཚོད་ལྟ་བྱས་རྗེས་གོ་ལ་ཧྲིལ་པོའི་སྤྱོད་མཁན་ལ་རྒྱང་ཚོར་གྲངས་གཞིའི་ཞབས་ཞུ་དང་བཀོལ་སྤྱོད་མ་ལག་གི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་དང་དེ་བཞིན་རྒྱལ་ཁབ་ས་ཆ་ཐོན་ཁུངས་བརྟག་ཞིབ་དང་། ཐིག་ལེན་ཚད་འཇལ། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། དངུལ་རྩའི་འགན་བཅོལ་དང་དྲ་སྦྲེལ་ལས་རིགས་ལ་དམིགས་པའི་རིན་ཐང་གནས་འཕར་གྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།