རང་ཞིང་གིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར།  ཉེ་སྔོན་རང་ཞིང་གིས་《མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར》(《བསམ་འཆར་ལག་བསྟར》ཞེས་མིང་བསྡུས)  ཞེས་པ་གཏན་འབེབས་བྱས་ཏེ་དངོས་སུ་བཏོན་པ་དང་།  ད་ལོར་ཟི་ལིང་གྲོང་ཁྱེར་གྱི་རྫོང་གསུམ་དང་མཚོ་ཤར་གྲོང་ཁྱེར་། མཚོ་ལྷོ་དང་མཚོ་ནུབ།  མཚོ་བྱང་གི་ཁུལ་གསུམ་བཅས་ཀྱིས་དམའ་གཅིག་གི་སློབ་མ་གསར་བར་འབྲིང་རྒྱུགས་ཀྱི་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གྱིས་2017ལོའི་སྟོན་ཁར་དམའ་གཅིག་སློབ་མ་གསར་བར་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་དང་ཕྱོགས་བསྡུས་ཀྱི་བྱང་ཚད་གདེང་འཇོག་ཚོད་ལྟ་བྱས་པ་དང་། 2018ལོར། ཟི་ལིང་གྲོང་ཁྱེར་གྱི་རྫོང་གསུམ་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་དང་མཚོ་ནུབ།  མཚོ་བྱང་གི་ཁུལ་གསུམ་བཅས་ཀྱིས་དམའ་གཅིག་གི་སློབ་མ་གསར་བར་འབྲིང་རྒྱུགས་ཀྱི་སྒྱུར་བཅོས་ཚད་ལྟ་བྱེད་རྒྱུ་རེད། 2019ལོར། ཞིང་ཆེན་ཡོངས་ཀྱི་དམའ་གཅིག་གི་སློབ་མ་གསར་པར་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་དང་ཕྱོགས་བསྡུས་ཀྱི་བྱང་ཚད་གདེང་འཇོག་ཚད་ལེན་གྱི་རྒྱུགས་ལེན་རྒྱུ་རེད།  2020ལོར།  ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གྱིས་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་རྒྱུགས་འབྲས་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ཟུང་འབྲེལ་བྱས་ཏེ་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་དཔེ་དབྱིབས་གསར་པ་ལག་བསྟར་བྱ་རྒྱུ་རེད།  2022ལོར། ཞིང་ཆེན་ཡོངས་ཀྱིས་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་དཔེ་དབྱིབས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད། ཐེངས་འདིའི་བསྒྱུར་བཅོས་བྱ་རྒྱུའི་གཙོ་གནད་ནི་སློབ་འབྲིང་སློབ་མ་རེད།

རྒྱུགས་ལེན་བསླབ་ཚན་ནང་དུ་རྒྱལ་ཁབ་ཀྱིས་ཁྱབ་སྤེལ་བྱས་པའི་《འོས་འགན་སློབ་གསོའི་སློབ་ཚན་བཀོད་སྒྲིག་དངོས་བཤེར་འཆར་གཞི་》ནང་གཏན་འཁེལ་བྱས་པའི་བསླམ་ཚན་ཚང་མ་འདུ་བ་རེད།  རྒྱུགས་ལེན་བྱེད་སྟངས་ནི་སྐད་ཡིག་(རྒྱ་ཡིག)་དང་མི་རིགས་སྐད་ཡིག་(མི་རིགས་སྐད་ཡིག་བསླབ་ཚན་བཙུགས་ཡོད་པའི་སློབ་མར་རེ་བ་བཏོན་པ་ཡིན)།  གྲངས་རིག་དང་ཕྱི་སྐད།  ཀུན་སྤྱོད་དང་ཁྲིམས་སྐྱོང་།  ལོ་རྒྱུས་དང་ས་ཁམས།  དངོས་ལུགས་དང་རྫས་འགྱུར།  སྐྱེ་དངོས་དག་ལ་ཡིག་རྒྱུགས་ལེན་རྒྱུ་ཡིན་པ་དང་།  ལུས་རྩལ་དང་བདེ་ཐང་ཡུལ་དངོས་སུ་ཚོད་ལྟ་བྱེད་རྒྱུ་ཡིན་ཞིང་། ཆ་འཕྲིན་ལག་རྩལ་དང་དངོས་ལུགས།  རྫས་འགྱུར་དང་སྐྱེ་དངོས་སོགས་ཀྱི་དངོས་བཤེར་རྒྱུགས་གཞི་ལག་ལེན་རྣམ་པའི་རྒྱུགས་ལེན་རྒྱུ་རེད།  ཕྱི་སྐད་ཀྱི་ཉན་པ་དང་བཤད་པའི་ཚོད་ལྟའི་རྒྱུགས་གཞི་དེ་འཕྲུལ་ཆས་དང་ཁ་བརྡ་བྱེད་པའི་སྒོ་ནས་རྒྱུགས་ལེན་རྒྱུ་ཡིན་པ་དང་། རོལ་དབྱངས་དང་མཛེས་རྩལ་ལ་བརྒྱུད་རིམ་རང་བཞིན་དང་མཇུག་མཐའི་རང་བཞིན་གྱི་ཞིབ་བཤེར་ཟུང་འབྲེལ་བྱ་ཐབས་སྤྱད་ཆོག་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།