ལིས་ཁི་ཆང་གིས་ཁམ་ཕུ་ཁྲེའི་རྒྱལ་བོ་ཞི་ཧ་མའོ་ཉི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་གྱི་ཉིན་གོང་ཅིན་པེན་རྒྱལ་བོའི་ཕོ་བྲང་ནས་ཁམ་ཕུ་ཁྲེའི་རྒྱལ་བོ་ཞི་ཧ་མའོ་ཉི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་བོ་ཞི་ཧ་མའོ་ཉི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གོང་མའི་ཡུམ་ཆེན་མའོ་ཉི་ལེར་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པར་ནམ་ཡང་བརྗེད་མི་སྲིད། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ལ་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་གནང་སྟེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་བཏང་། ཀྲུང་གོ་ཕྱོགས་ཀྱིས་ད་ལོར་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་དང་བསྟུན་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཧ་མའོ་ཉི་ཡིས་བཤད་རྒྱུར། ཁམ་ཕུ་ཁྲེ་དང་ཀྲུང་གོ་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན། ཁམ་ཕུ་ཁྲེ་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་བར་གྱི་བརྩེ་དུང་ལ་ནམ་ཡང་བརྗེད་མི་སྲིད་པར་དུས་གཏན་དུ་ཀྲུང་གོ་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།