མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པའི་ཏང་ཡོན་ལ་དགུན་དུས་དང་དཔྱིད་དུས་སུ་གསོ་སྦྱོང་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་སྡེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་བྱ་བ་མཇུག་བསྒྲིལ་རྗེས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཏང་ཡོན་ཚོར་དགུན་དུས་དང་དཔྱིད་དུས་ཀྱི་གསོ་སྦྱོང་སྤེལ་བའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། གསོ་སྦྱོང་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་བར་ཡིན་པ་དང་། རོང་འབྲོག་པའི་ཏང་ཡོན་རེའི་གཅིག་བསྡུས་གསོ་སྦྱོང་དུས་ཡུན་ཉིན་གཅིག་ནས་གསུམ་བར་ཡིན།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སེམས་ཞིབ་མོས་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོའི་རྩ་འཛུགས་པུའུ་ཡིས་དགུན་དུས་དང་དཔྱིད་དུས་ཀྱི་གསོ་སྦྱོང་བྱ་བར་ཆེད་དོན་ཞིབ་འཇུག་བྱེད་དགོས་པར་མ་ཟད། སྐབས་བརྗེའི་རྗེས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གསོ་སྦྱོང་མཉམ་གཅིག་ཏུ་བཀོད་སྒྲིག་བྱས་ཏེ་ངེས་པ་དོན་གྱིས་རྩ་འཛུགས་འགོ་ཁྲིད་དང་མཛུབ་སྟོན་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན། རྫོང་སོ་སོ་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ཞང་གྲོང་གི་གསོ་སྦྱོང་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱས་ནས་ཞིབ་ཕྲའི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་དགོས། ཞང་གྲོང་གིས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་ཏང་ཡོན་གསོ་སྦྱོང་གི་དགོས་མཁོར་རྒྱུས་ལོན་བྱེད་དགོས་པ་དང་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ་གསོ་སྦྱོང་ཇུས་གཞི་གཏན་ཁེལ་བྱས་ནས་ལས་འགན་དོན་འཁྱོལ་བྱེད་དགོས། དགུན་དུས་དང་དཔྱིད་དུས་ཀྱི་གསོ་སྦྱོང་བྱ་བས་ཞང་གྲོང་སྡེ་ཁག་ཏུ་བྱེད་པ་དང་རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག་གི་ཏང་ཡོན་སློབ་གསོའི་རྟེན་གཞི་བེད་སྤྱོད་བྱས་ནས་གཅིག་བསྡུས་གསོ་སྦྱོང་སྤེལ་དགོས་པ་དང་། ས་ཁུལ་སོ་སོས་གསོ་སྦྱོང་གི་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་དང་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་སོགས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་སྤུས་ལེགས་སློབ་ཚན་བཀོད་སྒྲིག་བྱེད་པ་དང་གཅིག་བསྡུས་སློབ་ཁྲིད་བྱེད་དགོས། ཏང་ཡོན་ཅུང་མང་བའི་ཞང་གྲོང་གིས་དུས་བཅད་དང་ཁག་བགོས་ཏེ་གསོ་སྦྱོང་སྤེལ་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱི་རྫོང་དང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐད་ཀར་དུ་གཅིག་བསྡུས་གསོ་སྦྱོང་སྤེལ་དགོས། ལོ་ན་རྒས་ཤིང་ལུས་སྟོབས་ཞན་པའི་ཏང་ཡོན་དང་འགྲོ་འདུག་སྟབས་བདེ་མིན་པའི་ཏང་ཡོན་རྣམས་ལ་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ་གསོ་སྦྱོང་སྤེལ་ནས་གསོ་སྦྱོང་རོང་འབྲོག་པའི་ཏང་ཡོན་རེ་རེར་ཁེབས་པར་འབད་བརྩོན་བྱེད་དགོས།

དེ་དང་མཉམ་དུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་གི་ནང་དོན་ལེགས་འདེམས་བྱས་ནས་ས་གནས་སོ་སོས་རོང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཞང་སྡེ་དར་རྒྱས་ཀྱི་འཐབ་ཇུས་གསར་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ཧུར་ཐག་གིས་སྒྲོག་འགྲེལ་བྱེད་དགོས་པ་དང་། གསོ་སྦྱོང་དང་ཕྱུག་འགྱུར་ལག་རྩལ་ཇེ་དྲག་ཏུ་གཏོང་བའི་གསོ་སྦྱོང་སྤེལ་བ་གཉིས་ཟུང་འབྲེལ་བྱེད་པ། རོང་འབྲོག་པའི་འདེབས་འཛུགས་དང་གསོ་སྤེལ། ཁྱད་ལྡན་ཞིང་ལས་གསར་སྤེལ། ཐོན་ལས་ཅན་འཁོར་སྐྱོད། གློག་རྡུལ་ཚོང་དོན། ངལ་ལས་རྩལ་ནུས་སོགས་ཐད་ཀྱི་ཤེས་བྱ་གཙོར་བཟུང་ནས་གསོ་སྦྱོང་སྤེལ་དགོས་པ་དང་རོང་འབྲོག་པའི་ཏང་ཡོན་རྣམས་ཀྱིས་ལག་རྩལ་དང་རྩལ་ནུས་ལ་རྒྱུས་ལོན་དང་བེད་སྤྱོད་བྱེད་པར་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་འཆར་གཞི་དང་ཐོན་ལས་ལས་གཞི། ཏང་ཡོན་དཔུང་སྡེའི་དངོས་ཡོད་གནས་ཚུལ་བཅས་ལ་དམ་དུ་དམིགས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དབུལ་ཐར་ཕྱུག་འགྱུར་གྱི་གསོ་སྦྱོང་སྤེལ་དགོས་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་སྒྱུར་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཐད་ཀྱི་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ་ཏང་ཡོན་ལ་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས། རང་འགུལ་སྒོས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།