མཚོ་སྔོན་གྱི་མི་རིགས་བྲོ་གར་ཆེ་གྲས་ཐང་ག་ཞེས་པ་ཐིན་ཅིན་ནས་འཁྲབ་སྟོན་བྱས་པ།

མི་རིགས བྲོ་གར་ཆེ་གྲས ཐང་ག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ༡པོའི་ཚེས༡༢ཉིན་ནས་ཚེས༡༣ཉིན་བར་དུ། མཚོ་སྔོན་གྱི་མི་རིགས་བྲོ་གར་ཆེ་གྲས་ཐང་ག་ཞེས་པ་ཐིན་ཅིན་ཟློར་གར་ཆེན་མོ་ནས་གཟབ་རྒྱས་ངང་འཁྲབ་སྟོན་བྱས་ཤིང་། བྲོ་གར་དེ་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་གྲས་ཀྱི་གཅིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་༢༠༡༧ལོའི་ལོ་འཁོར་གྱི་བྲོ་གར་གལ་ཆེན་ཞིག་རེད།

བྲོ་གར་འདིས་ཐང་གའི་སྒྱུ་རྩལ་པས་རང་གི་ཚེ་སྲོག་ལྷ་རིས་འབྲི་བཞེངས་ལ་བཅོལ་ནས་ཡིད་ཆེས་དང་གཟུར་གནས་ཀྱི་བློ་གཤོག་ཡངས་པོས་ཐང་གའི་སྒྱུ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་དོན་དུ་གཉེར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་ལ།  ཤུགས་སུ་མཚོ་སྔོན་གྱི་གཤིན་ས་ཡངས་པོ་འདི་ནས་མི་རབས་ནས་མི་རབས་སུ་བརྒྱུས་པའི་སོ་སྐྱེས་མི་བུ་རྣམས་ཀྱི་ལྷད་མེད་བརྩེ་སེམས་ལ་བསྔགས་བརྗོད་བྱས་ཡོད།  བྲོ་གར་ཡོངས་ཚེ་སྔོན་མ། དེ་ཕྱི་མ། ཚེ་ད་ལྟ་ཞེས་ལེའུ་གསུམ་དུ་ཕྱེས་ཡོད་ཅིང་། དེར་གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་དང་གསར་གཏོད་ཀྱི་ཆ་རྫོགས་པའི་གར་སྟེགས་ཀྱི་འཁྲབ་ཚིག་གྱ་ནོམ་པ་ཡོད་པས་སྒྱུ་རྩལ་གྱི་འགུགས་ཤུགས་དང་ཡིད་འགུལ་ཐེབས་པའི་ཆ་ཧ་ཅང་ཕུན་སུམ་ཚོགས།

ཐང་ག་ཞེས་པའི་བྲོ་གར་འདི་ནི་༢༠༡༦ལོར་ཐོག་མར་བརྩམས་འགོ་བསླངས་ཤིང་། རྩོམ་གྱི་ཐོག་མའི་མ་ཟིན་བྲིས་ཚར་རྗེས་༢༠༡༦ལོའི་ལོ་འཁོར་གྱི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་གར་སྟེགས་སྒྱུ་རྩལ་ཆེ་གྲས་ཀྱི་བརྩམས་ཆོས་གྲས་སུ་བདམས།   བྲོ་གར་དེ་ཚད་གཞི་མཐོན་པོ་ཞིག་ལ་སླེབས་ཆེད།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྒྲིག་འཁྲིད་པ་དང་། ཀྲུང་གོའི་ལེགས་རྗེས་གཟེངས་ཐོན་གྱི་བྲོ་བ་ཞེས་མཚན་སྙན་ཐོབ་མཁན་སྐུ་ཞབས་ཞིན་ཧྲི་མིའོ་སྤྱི་ཁྱབ་འཁྲབ་ཁྲིད་པར་གདན་དྲངས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ཡོད་པའི་ཆེད་མཁས་པ་ཧྥང་མེན་གྱིས་དབྱངས་རྩོམ་པའི་འགན་བཞེས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ཡོད་པའི་ཆེད་མཁས་པ་སྐུ་ཞབས་ཧེ་ཅུའུ་ཆིང་གིས་འཁྲབ་གཞུང་རྩོམ་མཁན་གྱི་འགན་བཞེས་ཡོད་པ་རེད།

ཤེས་གསལ་ལྟར་ན།བྲོ་གར་ཐང་ག་ཞེས་པ་འདི་ནི༢༠༡༧ལོའི་ལོ་འཁོར་ནང་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་དུ་བཟུང་བའི་བྲོ་གར་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ཐོག་མར་གདེང་འཇོག་ཡག་པོ་ཐོབ། ༢༠༡༧ལོའི་ཟླ༡༢པའི་ཚེས་༢༦ཉིན་ནས་བཟུང་ཐང་ག་ཞེས་པའི་བྲོ་གར་འདི་མཚོ་སྔོན་དང་། པེ་ཅིང་། ཐིན་ཅིན་གསུམ་ནས་སྐོར་འཁྲབ་བྱས།

ལོ་ཙཱ་བ། ཁོན་ཐར་འཚོ།