གངས་ལྗོངས་ཀྱི་ཁ་དོག བཟོ་བའི་ཕུགས་འདུན་བཏོད་ཅེས་པའི་མཚོ་སྔོན་གྱི་ཐང་ག་སྤུས་ལེགས་བཤམས་སྟོན་དེ་པེ་ཅིང་ནས་འགྲེམ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་ཏུ་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་ལ་སྐུལ་སྤེལ་བྱེད་དགོས་པའི་བཀའ་བསྒྲགས་ཡོད་པས། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་སྤྱོད་ཅིག་ཡིན་པའི་ཆ་ནས། ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཀྲུང་གོའི་མཛེས་རྩལ་ཁང་། ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གངས་ལྗོངས་ཀྱི་ཁ་དོག བཟོ་བའི་ཕུགས་འདུན་བཏོད་ཅེས་པའི་མཚོ་སྔོན་གྱི་ཐང་ག་འབྲི་རྩལ་སྤུས་ལེགས་བཤམས་སྟོན་དེ་ཀྲུང་གོའི་མཛེས་རྩལ་ཁང་དུ་བཤམས་པའི་སྒོ་མོ་ཕྱེས།  རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་པུའུ་ཀྲང་ལའོ་ཧྲུའུ་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་གོ་ཧྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ལི་ཡིས་བཅས་མཛད་སྒོར་ཞུགས།

ཞིང་ཆེན་ཏང་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མིང་གིས་མཛད་སྒོར་གཙོ་སྐྱོང་མཛད།


མཚོ་སྔོན་ཐང་གའི་སྒྱུ་རྩལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ས་ཁུལ་ནས་འབྱུང་ཞིང་། དེ་ལ་ཚོན་འབག་དང་འཚེམ་དྲུབས། ཤིང་རྐོས། ཐང་ག་སོགས་ཡོད་པས་ཡོངས་གྲགས་ལ་རེབ་གོང་སྒྱུ་རྩལ་ཞེས་འབོད།  ༢༠༠༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་ཚོགས་པས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོར་བཞག   རེབ་གོང་སྒྱུ་རྩལ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་རང་རྒྱལ་གྱི་མི་རིགས་ཁག་གིས་ལག་རྡང་མཉམ་འབྲེལ་ཐོག་གོང་དུ་སྤེལ་བའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པ་དང་།   མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཡིན་པའི་ཆ་ནས་འཛམ་གླིང་གི་རིག་གནས་བང་མཛོད་ཁྲོད་ཀྱི་འགྲན་ཟླ་བྲལ་བའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་ཡིན།


ཉེ་བའི་ལོ་ཚུན་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐང་གའི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་པོ་མཛད།  རིག་གནས་པུའུ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། ལས་རིགས་ཁག་གི་དོ་ཁུར་ལ་བརྟེན་ནས་ཐང་གའི་སྒྱུ་རྩལ་དང་ཐང་གའི་ཐོན་ལས་ཀྱི་འཕེལ་རྒྱས་དེ་རྟ་ཕོའི་བང་རྩལ་བཞིན་མྱུར།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བ་སླེབས་པའི་དུས་ད་ལྟ། ཐང་གའི་སྒྱུ་རྩལ་གྱི་ལམ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ངོམ་སྟོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད།  ཐུན་མོང་ཐོག་དར་རྒྱས་གོང་སྤེལ་བཅས་ལ་ཐུན་མིན་གྱི་དོན་སྙིང་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པས། ཐེངས་འདིའི་འགྲེམ་སྟོན་ལ་མཚོན་ན་ཡང་གཙོ་བོ་མཚོ་སྔོན་གྱི་ཐང་ག་འབྲི་རྩལ་གྱི་མཚན་སྙན་ཇེ་ཆེར་བཏང་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་རྒྱུད་འཛིན།   རིག་གནས་ཀྱི་རང་རྟོན་ཇེ་དྲག   རིག་གནས་ཐོན་ལས་གོང་སྤེལ་ལ་སྐུལ་འདེད་དེ་ལས་ལྷག་པ་བྱས་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་རིག་གནས་དར་སྤེལ་དར་རྒྱས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་དར་རྒྱས་ལ་ལེགས་རྗེས་གསར་ཞིང་ཆེ་བ་ཞིག་འཇོག་ཕྱིར་རེད།   

ཤེས་གསལ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་གྱིས་རེབ་གོང་ཐང་ག་གཙོ་བྱས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ལྷ་རིས་པ་རྒན་དར་གཞོན་གསུམ་འདུས་པའི་མི༣༡དང་། ཞིང་ཆེན་རིམ་པའི་ལྷ་རིས་པ་བཅས་ཀྱི་བརྩམས་ཆོས་སྤུས་ལེགས་ལྔ་བཅུ་བཤམས་ཡོད་ཅིང་།   རིགས་ལ་ཚོན་ཐང་དང་།  ཐང་ག་དམར་པོ་ནག་པོ། སེར་པོ་སོགས་སྣ་མང་པོ་འདུས་པ་ལ་སྲོལ་རྒྱུན་གྱི་བརྗོད་གཞི་ཉར་ཞིང་དེང་རབས་ཀྱི་འཚོ་བའི་ཆ་ཡང་འདུས་ཡོད་པས།  མཚོ་སྔོན་གྱི་ཐང་ག་འབྲི་བཞེངས་ཀྱི་རྩལ་ཁྱད་དུ་འཕགས་པ་མཚོན་ཡོད།  འགྲེམ་སྟོན་དེ་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་མཇུག་བསྡུ་རྒྱུ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།