དཔའ་ལུང་རྫོང་གི་ཞིང་གྲོང་གཞུང་ལམ་འཛུགས་བསྐྲུན་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིེན་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་2017ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་གཞུང་ལམ་བྱ་བའི་སྔོན་ཐོན་ལས་ཁུངས་དག་ལ་གཟེངས་བསྟོད་སྙན་ཞུ་ཞིབ་བཤེར་བྱས་ཞིང་། ཚད་ལེན་ཞིབ་བཤེར་བྱས་པ་བརྒྱུད་དཔའ་ལུང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ལ་ཞིང་གྲོང་གི་གཞུང་ལམ་འཛུགས་བསྐྲུན་དོ་དམ་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་གནང་བ་རེད།

2017ལོར་དཔའ་ལུང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་འགྲིམ་འགྲུལ་སྔོན་སྐྱོད་དེ་དམིགས་འབེན་དུ་བཟུང་ནས་གོམ་གང་མདུན་སྤོས་སྒོས་འགྲིམ་འགྲུལ་ཐད་ཀྱི་རྣམ་གྲངས་བརྩོན་ལེན་བྱེད་པར་ཤུགས་བསྣན་ནས་དོ་དམ་ལམ་ལུགས་འཐུས་ཚང་དང་ལྟ་སྐུལ་བརྒྱུད་རིམ་དམ་འཛིན་བྱས་ཤིང་། དཔའ་ལུང་རྫོང་གི་ཞིང་གྲོང་གཞུང་ལམ་འཛུགས་བསྐྲུན་སྤུས་ཚད་དེ་མུ་མཐུད་དུ་མཐོར་འདེགས་སུ་བཏང་བ་རེད། 2017ལོར་རིགས་མི་འདྲ་བའི་འགྲིམ་འགྲུལ་ལས་རིགས་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར12.13ལ་བུད་ཡོད། དེའི་ཁྲོད་ཞིང་གྲོང་གི་གཞུང་ལམ་ལྷག་འཕྲོ་གསར་སྐྲུན་དང་ཟམ་གདུང་ལས་སྣོན། ཞིང་སྡེའི་གཞུང་ལམ་བདེ་སྲུང་བཟོ་སྐྲུན། དགོན་པ་སོ་སོར་གཞུང་ལམ་བསྐྲུན་པ། སྐྱེ་ཁམས་ཕྱུགས་ར་རུ་གཞུང་ལམ་བསྐྲུན་པ་ལག་བསྟར་བྱས་ཡོད། ཡར་སྐ་ཞིང་ལས་ར་བའི་གཞུང་ལམ་ཞིག་གསོའི་བཟོ་སྐྲུན་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དངུལ་བུན་བསྐྱིས་ནས་གནད་འཁེལ་དབུལ་སྐྱོར་གྱིས་སྡེ་བ་རུ་དབུལ་ཐར་རྨང་གཞིའི་སྒྲིག་ཆས་བེད་སྤྱོད་བྱས་པ། རྩ་བ་གྲོང་བརྡལ་རྩ་བ་ཞོལ་མ་རུ་རྣམ་པ་གསར་བའི་ཞིང་སྡེ་གཞིས་ཁུལ་གཞུང་ལམ་དང་མཛེས་སྡུག་གི་ཞིང་སྡེའི་གཞུང་ལམ་དང་ས་ཚིགས་སོགས་རྣམ་གྲངས་རིགས་མི་འདྲ་བ་16ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.13ཡོངས་འགྲུབ་བྱས། ཡ་རྫི་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར10བཏང་ནས་ཡོངས་འགྲུབ་བྱས་ཡོད། དུས་མཉམ་དུ་ཞིང་གྲོང་གི་གཞུང་ལམ་འཛུགས་བསྐྲུན་ལ་ཕྱིར་བསྒྲགས་བདུན་དང་མི་ཆོག་པ་ལྔ་ཡི་བླང་བྱ་ནན་མོས་རྣམ་གྲངས་འཛུགས་བསྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཤིང་ལོ་གཅིག་གི་དམིགས་འབེན་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད།

2018ལོར་དཔའ་ལུང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་འགྲིམ་འགྲུལ་སྟོབས་ལྡན་ཞེས་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གཞིར་བཟུང་ནས་ཞིང་གྲོང་གི་གཞུང་ལམ་ཐད་ཀྱི་ལེགས་པོ་བཞིའི་འཛུགས་བསྐྲུན་དམ་འཛིན་གྱིས་སྔར་ལས་གོམ་གང་མདུན་སྤོས་སྒོས་རྣམ་གྲངས་བརྩོན་ལེན་བྱེད་པའི་ཚད་གཞིར་ཤུགས་སྣོན་གྱིས་མྱུར་བགྲོད་གཞུང་ལམ་འཛུགས་བསྐྲུན་བྱེད་པའི་ཚད་གཞིར་ཤུགས་སྣོན་དང་ས་ཚིགས་འཛུགས་བསྐྲུན། ཞིང་གྲོང་གཞུང་ལམ་འཛུགས་བསྐྲུན་སོགས་ཀྱི་རྣམ་གྲངས་སྤེལ་བ་མ་ཟད། དོ་དམ་གྱི་འདུ་ཤེས་དང་བྱེད་ཐབས་སྔོག་འདོན་གྱིས་ཞིང་གྲོང་གི་གཞུང་ལམ་འཛུགས་བསྐྲུན་བྱེད་པའི་སྤུས་ཚད་དོ་དམ་ལ་ཤུགས་བསྣན་ནས་དོ་དམ་གྱི་ཆུ་ཚད་འཛུགས་བསྐྲུན་མཐོར་འདེགས་ཀྱིས་དཔའ་ལུང་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་ཆེན་པོ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།