ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་གྲོང་ཁྱེར་མི་དམངས་ལ་ལོ་སར་སྐབས་ཀྱི་འཛད་སྤྱོད་བདེ་འཇགས་ལ་གསལ་འདེབས་དྲན་སྐུལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་དག་ལ་ལོ་སར་གྱི་དངོས་ཟོང་ཉོ་སྒྲུབ་བྱེད་སྐབས་ཟས་རིགས་ཀྱི་བདེ་འཇགས། དྲ་སྟེང་གི་ཉོ་སྒྲུབ་དང་གནམ་གང་དགོང་མོའི་སྔོན་མངགས་ཟ་མ་སོགས་ཉོ་སྒྲུབ་བྱེད་པར་ཉོ་ཚོང་སྟེགས་བུ་ཡང་དག་འདེམས་དགོས་ཤིང་། རྒྱུ་སྤུས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་གསལ་འདེབས་བྱས་ཡོད།

ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་དག་གིས་ཉོ་སར་སྐབས་ཀྱི་དངོས་ཟོང་ཉོ་སྒྲུབ་སྐབས་ཞིབ་བཤེར་གསུམ་དང་མཉམ་འཇོག་གསུམ་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་གསལ་འདེབས་བྱས་ཡོད་ལ། ཟས་རིགས་ཀྱི་ཐུམ་སྒྲིལ་མཚོན་རྟགས་འཐུས་ཚང་ཡིན་མིན་ལ་ཞིབ་བཤེར་བྱེད་པ་དང་མཚོན་རྟགས་ངོས་འཛིན་བྱེད་སྤྱད་ཅི་ཡང་མེད་པའི་ཟས་རིགས་ཉོ་སྒྲུབ་མི་བྱེད་པ། ཚོང་རའི་ཡུལ་དངོས་ནས་རང་བཟོས་ཟས་རིགས་ཐར་ཐོར་ཉོ་འདེམས་བྱེད་སྐབས་ཉོས་མ་ཐག་ཟ་དགོས། གཉིས་ནས་ཟས་རིགས་དང་མ་བཅོས་རྒྱུ་ཆའི་ཐོན་སྐྱེད་ཟླ་ཚེས་དང་ནུས་ཆོད་ཟླ་ཚེས་ལ་ཞིབ་བཤེར་བྱེད་དགོས། ནུས་ཆོད་དུས་ཡུན་ལས་བརྒལ་ཡོད་མེད་ལ་ངེས་པར་དུ་མཉམ་འཇོག་བྱེད་དགོས། གསུམ་ནས་ཟས་རིགས་ཀྱི་ཕྱི་ཚུལ་ལ་ཞིབ་བཤེར་བྱེད་པ། ཕྱི་ཚུལ་མཛེས་པ་ཙམ་གྱིས་ནང་གི་དངོས་པོ་ཡང་གསར་བ་ཡིན་པར་འདོད་པའི་ཀུན་སློང་གིས་མགོ་རྨོངས་མི་རུང་། རྒྱུན་ལྡན་མ་ཡིན་པའི་ཟས་རིགས་དང་མ་བཅོས་རྒྱུ་ཆ་ཡི་སྐོར་ཉོ་མི་རུང་། དུས་མཉམ་དུ་དངོས་ཟོག་ཉོ་སྒྲུབ་འཛིན་བྱང་ལེན་དགོས། དེས་རྗེས་ཕྱོགས་དོན་དག་བྱུང་བ་ན་རང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཐུབ།

དྲ་སྟེང་ནས་ཟས་རིགས་མངགས་ཉོ་བྱེད་སྐབས་ཟས་རིགས་འཚོང་མཁན་དེར་ཟས་རིགས་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་བདེན་དཔང་ཡིག་ཆ་དང་ཐོན་རྫས་ཐོན་སྐྱེད་ཟླ་ཚེས། ནུས་ཆོད་དུས་ཡུན་སོགས་ཡོད་མེད་ལ་རྩད་གཅོད་དང་མཉམ་འཇོག་བྱ་དགོས་ཤིང་། རང་ཉིད་དང་བར་ཐག་ཉེ་བའི་གསོལ་ཁང་ནས་ཉོ་སྒྲུབ་བྱེད་པ་དང་རང་ནུས་གང་ཡོད་ཀྱིས་ཟས་རིགས་སྐྱེལ་འདྲེན་བྱེད་པའི་དུས་ཡུན་ཐུང་དུ་འཇུག་དགོས། ཟས་རིགས་ལག་ལ་འབྱོར་མ་ཐག་ཟས་རིགས་ཀྱི་ཐུམ་སྒྲིལ་དང་ཟས་རིགས་ཀྱི་རྒྱུ་སྤུས། དུས་ལྟར་ལས་སྣོན་བྱས་མིན། ཟས་ཆོག་མིན། དུས་ཡུན་ག་ཚོད་ཅིག་ལ་ཉར་ཚགས་བྱས་ཆོག་མིན་སོགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས། དྲ་སྟེང་ནས་སྔོ་ཚད་འཁྱག་པ་དང་ཟས་རིགས་རློན་པ། འཁྱག་ཟོས་སྒོང་སྤྲི་སོགས་ཟས་རིགས་གཏན་ནས་ཟ་མི་རུང་།

ལོ་སར་གནམ་གང་གི་ཟ་མ་མངགས་ཉོ་བྱེད་སྐབས་གང་ནུས་ཀྱིས་ཚོད་མ་རེ་རེ་ཡི་མིང་དང་རིགས། རིན་གོང་སོགས་གསལ་བོར་ཤེས་དགོས་པ་མ་ཟད། དུས་མཉམ་དུ་བྱེ་བྲག་གི་རིན་དངུལ་བསྡུ་ལེན་བྱེད་པའི་རྣམ་གྲངས་ཡང་ཤེས་དགོས། དེ་མིན་མངགས་ཉོ་བྱས་པའི་འཛིན་བྱང་དང་ཡིག་ཐོག་གན་རྒྱ། བདེན་དཔང་ཡི་གེ། འཛིན་བྱང་སོགས་བདེན་དཔང་ཡིག་ཆ་ཉར་ཚགས་བྱེད་དགོས་པ་མ་ཟད། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་དགོས།

ལོ་སར་ཡར་སྔོན་དུ་རིན་གོང་བཅག་པའི་བྱ་འགུལ་གྱི་རིགས་མང་པས། འཛད་སྤྱོད་པ་དག་ཁེ་བཟང་གི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་བ་བཅས་ཀྱི་ཐད་ལ་ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་དྲན་སྐུལ་གསལ་འདེབས་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།