མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(དོན་བཞི་བ)

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

——2018ལོའི་ཟླ1པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང།


མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚབ་མ། ཁྲེན་མིང་ཀུའོ།
     འཐུས་མི་རྣམ་པ།


ད་ལྟ་ངས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་བ་དང། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།

ལོ་ལྔའི་རིང་གི་བྱ་བ་གཙོ་བོའི་སྐོར།
             2013ལོའི་ཚུན་གྱི་ལོ་ལྔ་ནི། རང་རེའི་ཞིང་ཆེན་འཕེལ་རྒྱས་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ལས་དོན་འཕེལ་རྒྱས་ཆེས་མགྱོགས་པ་དང་གནས་ཚུལ་ཆེས་བཟང་བ། གྲུབ་འབྲས་ཆེས་མངོན་གསལ་ཐོན་པའི་ལོ་ལྔ་ཡང་ཡིན། ལོ་ལྔའི་རིང་ལ་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཞིན་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་སོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་པ་རྒྱུན་འཁྱོངས་བྱས་ཤིང། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དམ་དུ་དམིགས་ལ། “བསྒྱུར་བ་བཞི”བརྩོན་པས་སྐུལ་འདེད་བཏང་བ་དང་ཁྲིམས་འཛིན་འདྲི་གཅོད་འགན་ནུས་ནུས་ལྡན་ངང་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོང་དང། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད། མི་དམངས་ཀྱི་འདུག་བདེ་ལས་སྤྲོ་འགན་སྲུང་བཅས་ལ་ཅི་ནུས་ཀྱིས་བྱས་རྗེས་བཞག་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི317162ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང། གྱོད་གཞི308998ཐག་གཅོད་མཇུག་བསྒྲིལ་བ་དང། སྔོན་མའི་ལོ་ལྔ་དང་བསྡུར་ན་སོ་སོ་ནས77.43%དང74.55%འཕར་ཡོད་ལ། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད11.56%ལ་བསླེབས་ཡོད། 2017ལོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི86793ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང། གྱོད་གཞི78505ཐག་གཅོད་མཇུག་བསྒྲིལ་བ་དང། 2012ལོ་དང་བསྡུར་ན་སོ་སོ་ནས107.24%དང95.48%འཕར་ཡོད།

གཅིག ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལ་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་མཁོ་སྤྲོད་བྱས།
               འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་བདེ་འཇགས་ཀྱི་མཚོ་སྔོན་དང་ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་གྱིས་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལས་དོན་ལ་ཞབས་ཕྱི་བསྒྲུབས་པའི་སྟེང་བྱེད་སྒོ་གསར་བ་སྤེལ་ཡོད།རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་ཉེས་ཅན་ལ་ཉེས་ཆད་དང་མིའི་ཐོབ་ཐང་ལ་འགན་སྲུང་བྱས་པ། འདྲི་གཅོད་ཐེངས་དང་པོའི་ཉེས་དོན21055ཞིབ་གཅོད་མཇུག་བསྒྲིལ་བ་དང། སྔོན་མའི་ལོ་ལྔ་དང་བསྡུར་ན37.68%འཕར་བ་དང། ཉེས་ཅན23155ལ་ཁྲིམས་ཆད་བཅད་ཡོད། ཉེས་དོན་ཉེས་བསགས་ཚབས་ཆེན་ལ་རྡུང་རྡེག་དྲག་པོ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཏང་བ་དང། རང་སྲེག་བྱེད་པར་ངན་སྐུལ་དང་མགོ་སྐོར་གཏོང་བ། རྩ་འཛུགས་བྱས་པ་བཅས་ཀྱི་ཉེས་ཅན་ལ་རྡུང་རྡེག་དྲག་པོ་བཏང་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས། མི་བསད་པ་དང་གནོད་འཚེ་གཏོང་བ། སྤྱི་དམངས་ཀྱི་གསོག་དངུལ་ཁྲིམས་འགལ་གྱིས་བསྡུས་པ། གློག་འཕྲིན་བེད་སྤྱད་དེ་མགོ་སྐོར་གཡོ་ལེན་བྱས་པ་སོགས་མང་ཚོགས་ཉེ་འགྲམ་དུ་འབྱུང་སླ་ཞིང་ཐོན་མང་བའི་ཉེས་བསགས་གྱོད་གཞི11737དང་མི17998ཞིབ་གཅོད་མཇུག་བསྒྲིལ། མི2463ལ་ལོ་ལྔ་ཡན་གྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན། སྲོག་ཁྲིམས་བཅད་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་དང། ཉེས་ཅན་      སྤྱིའི་མི་གྲངས་ཀྱི10.81%ཟིན་ཡོད། ལྐོག་ཟ་རྔན་ལེན་ཉེས་བསགས་ལ་ཁྲིམས་ལྟར་ཁྲིམས་ཆད་བཅད་པ། ལྐོག་ཟ་རྔན་ལེན་གྱོད་གཞི559དང་མི844ཞིབ་གཅོད་མཇུག་བསྒྲིལ་བ་དང། དེ་ལས་སྔར་ཐིན་རིམ་པ་ཡན་གྱི་ལས་བྱེད་པ5དང། རྫོང་རིམ་པ་ཡན་གྱི་ལས་བྱེད་པ20ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམིགས་འཛུགས་བྱས་པ་ལྟར། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔར་གྱི་ཀྲུའུ་རིན་གཞོན་པ་ལི་ཀྲིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་ཞིབ་གཅོད་མཇུག་བསྒྲིལ། ས་ཞིང་བསྡུ་ལེན་གྱི་གསབ་དངུལ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་ལྐོག་ཟ་བྱས་པ་སོགས་མང་ཚོགས་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་གྱོད་གཞི་ཁྲིམས་ལྟར་འདྲི་གཅོད་བྱས། མིའི་ཐོབ་ཐང་ལ་ཁྲིམས་འཛིན་འགན་སྲུང་བྱེད་པར་ཤུགས་བསྣན་པ། ཉེས་ཆད་ཁྲིམས་བཀོད་དང་དོགས་ཡོད་ཉེས་པ་མེད་པར་བརྩི་བ་སོགས་ཀྱི་ཁྲིམས་སྐྱོང་རྩ་དོན་དང་དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཤིང། ཁྲིམས་འགལ་གྱི་བདེན་དཔང་གཟབ་ནན་གྱིས་བསལ་ནས།གྱོད་ཡའི་ཞུ་གཏུག་ཁེ་དབང་སོ་སོ་ཁྲིམས་ལྟར་འགན་སྲུང་བྱས། མི7269ལ་ཕྱིར་འགྱངས་པའི་ཁྲིམས་ཆད་བཅད་པ་དང། མི317ལ་ཉེས་དོན་གྱི་ཁྲིམས་ཆད་མེད་པར་བྱས། གྱོད་ཡ64ལ་བཅའ་ཁྲིམས་ལྟར་ཉེས་མེད་ཁྱབ་བསྒྲགས་བྱས། ལོ་ན་མ་སོན་པའི་མིའི་འདྲི་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལོ་ན་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས། 

        ཉེས་ཆད་ལག་བསྟར་ནན་མོ་བྱས་པ། ཉེས་ཆད་ཇེ་ཡང་དང་དངོས་མིན་བཙོན་གྲོལ་བཏང་བའི་ཆ་འཕྲིན་ཅན་གྱི་གྱོད་གཞི་ཞིབ་གཅོད་ལས་སྟེགས་བཙུགས་ནས་གྲུབ་པར་བྱས་ཤིང། གྱོད་གཞི་མཐའ་དག་ཡོངས་བསྒྲགས་སུ་འདྲི་གཅོད་བྱས་ནས། “དབང་ཅན”དང“རྒྱུ་ཅན”ལ་ཁྲིམས་འགལ་ལུགས་འགལ་གྱིས་ཉེས་ཆད་ཇེ་ཡང་བཏང་བ་དང་དངོས་མིན་བཙོན་གྲོལ་གཏོང་བ། བཙོན་ཕྱིར་གནས་སྐབས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་དག་དངོས་སུ་ཐག་གཅོད་བྱས། མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མིན་ཡོན་བཙོན་ཁང་གིས་ཉེས་ཆད་ཇེ་ཡང་དུ་གཏོང་བར་ཞུས་པའི་གྱོད་གཞིར་དམིགས་ནས་རྒྱང་བསྟེན་འདྲི་གཅོད་བྱས་ཏེ་གྱོད་གཞི་ཞིབ་གཅོད་ཀྱི་མ་གནས་གྲོན་ཆུང་བྱས་པ་དང་གྱོད་གཞི་ཞིབ་གཅོད་ཀྱི་ལས་ཆོད་མཐོར་འདེགས་སུ་བཏང། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཞུགས་པར་ཧུར་གྱིས་བརྩོན་པ། འབྲེལ་ཡོད་སྡེ་ཁག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནག་རྡུང་ངན་སེལ་དང་དུག་འགོག་རྒྱན་འགོག འཆལ་ལོག་རྡུང་རྡེག་སོགས་ཀྱི་ཆེད་གཉེར་འཐབ་རྩོད་བྱས་ནས་བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང།འཕེལ་རྒྱས་འདུ་ཤེས་གསར་བ་ནན་ཏན་གྱིས་དོན་འཁྱོལ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབས་པ་དང་འགན་སྲུང་བྱས་པ། འདྲི་གཅོད་ཐེངས་དང་པོའི་དམངས་དོན་དང་ཚོང་དོན་གྱོད་གཞི177561ལ་ཞིབ་གཅོད་མཇུག་བསྒྲིལ་བ་དང། སྔོན་གྱི་ལོ་ལྔ་དང་བསྡུར་ན81.79%འཕར་ཡོད་ལ། དམིགས་བྱའི་དངུལ་གྲངས་སྒོར་དུང་ཕྱུར998.88ལ་བསླེབས་ཡོད། རྒྱུ་ནོར་བདག་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་པ། དཔལ་འབྱོར་རྩོད་གཞི་དང་ཉེས་དོན་ཉེས་བསགས་ནན་ཏན་གྱིས་དབྱེ་བ་ཕྱེས་ཤིང། བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་རྒྱུ་གཟབ་ནན་བྱས་ནས་ཚོང་རའི་གཙོ་གཞིར་བདེ་འཇགས་ཀྱི་མ་རྩ་གཏོང་འཇོག་དང་ལས་ལམ་གསར་འབྱེད་ཀྱི་ཁོར་ཡུག་ཅིག་བསྐྲུན།
        དམངས་དོན་ཁེ་དབང་འགན་སྲུང་བྱས་པ། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་དང་ལུས་ཁམས་གནོད་འཚེ། སྨན་བཅོས། འགྲིམ་འགྲུལ་ཆག་སྒོའི་གནོད་སྐྱེལ་རྩོད་གླེང་སོགས་ཀྱི་གྱོད་གཞི23245ཞིབ་གཅོད་མཇུག་བསྒྲིལ་ཏེ་མང་ཚོགས་ཀྱི་ལུས་སྲོག་བདེ་ཐང་གི་དབང་ཆ་དང་རྒྱུ་ནོར་དབང་ཆ་སྲུང་སྐྱོབ་བྱས། ངལ་རྩོལ་རྩོད་གླེང་གི་གྱོད་གཞི5039ཞིབ་གཅོད་མཇུག་བསྒྲིལ་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས། གཉེན་སྒྲིག་དང་ཤུལ་འཛིན་སོགས་ཀྱི་གྱོད་གཞི61135ཞིབ་གཅོད་མཇུག་བསྒྲིལ་ཏེ་ཁྱིམ་ཚང་གི་འགྲིག་མཐུན་ལ་སྲུང་སྐྱོང་བྱས། 2017ལོར་ཟི་ལིང་མི་དམངས་ཁྲིམས་ཁང་གིས་དམག་མིར་འབྲེལ་བའི་གྱོད་གཞི24ཞིབ་གཅོད་མཇུག་བསྒྲིལ་ནས་རྒྱལ་སྲུང་ཁེ་དབང་ལ་སྲུང་སྐྱོབ་དང། དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་དང། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཕྱོགས་ཡོངས་ནས་དོད་ལེན་ཞབས་ཕྱི་སྒྲུབ་མཚམས་འཇོག་པར་ཁྲིམས་འཛིན་འགན་སྲུང་མཁོ་སྤྲོད་བྱས།ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ། ཚོང་དོན་རྩོད་གླེང་གི་གྱོད་གཞི57317ཞིབ་གཅོད་མཇུག་བསྒྲིལ་ཏེ་ཁ་བཤད་དོན་གནས་ཀྱི་སྤྱོད་བཟང་དར་སྤེལ་བཏང། འཛུགས་སྐྲུན་ལས་གྲྭའི་ཨར་ལས་རྩོད་གླེང་གི་གྱོད་གཞི4840ཞིབ་གཅོད་མཇུག་བསྒྲིལ་ཏེ་ཨར་ལས་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱས། ས་ཁང་བདག་ཁོངས་གསར་སྤེལ་རྩོད་གླེང་གི་གྱོད་གཞི4806ཞིབ་གཅོད་མཇུག་བསྒྲིལ་ཏེ་ཁང་བ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས། ཁེ་ལས་ཀྱི་མ་རྩ་བརྡིབས་པ་དང་ཟླ་སྒྲིལ། རྐང་དབང་གཞན་བསྒྱུར་སོགས་ཀྱི་གྱོད་གཞི816ཞིབ་གཅོད་མཇུག་བསྒྲིལ་ཏེ་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།
         ལྗང་མདོག་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབས་པ། ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི3065ཞིབ་གཅོད་མཇུག་བསྒྲིལ། སྲིད་འཛིན་མངའ་ཁོངས་ལས་བརྒལ་ནས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་གཅིག་བསྡུས་ཀྱིས་བདག་སྐྱོང་བྱས་པ་དང“འདྲི་གསུམ་གཅིག་སྒྲིལ”བྱེད་སྟངས་ལག་བསྟར་བྱས་ཤིང།ཡུའུ་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་གཙང་གསུམ་འབྱུང་ཡུལ་ཁྲིམས་ར་བཙུགས་པ་དང།ཁྲིམས་འཛིན་གྱི་བྱེད་ཐབས་བེད་སྤྱད་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱས་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ། ཡུའུ་ཧྲུའུ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞིབ་གཅོད་མཇུག་བསྒྲིལ་བའི་གཙོད་དང་གླ་སོགས་རྩ་ཆེན་དཀོན་རིགས་དང་ཚར་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྔོན་གསོད་བྱས་པའི་གྱོད་གཞི་དེ་འབྲི་ཆུའི་བཞུར་རྒྱུན་གྱི་ཁོར་ཡུག་ཐོན་ཁུངས་སྐོར་གྱི་འདྲི་གཅོད་དཔེ་མཚོན་གྱོད་དཔེ་ཆེན་པོ་བཅུའི་གྲས་སུ་བདམས་ཐོན་བྱུང། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་ཕྱི་བསྒྲུབས་པ། ཤེས་ཡོན་ཐོན་དབང་གྱོད་གཞི390ཞིབ་གཅོད་མཇུག་བསྒྲིལ། ཤེས་ཡོན་ཐོན་དབང་གྱོད་གཞི་གཅིག་བསྡུས་བདག་སྐྱོང་དང“འདྲི་གསུམ་གཅིག་སྒྲིལ”གྱི་བྱེད་སྟངས་ལག་བསྟར་བྱས་ཤིང། ལག་རྩལ་ཞིབ་བཤེར་དཔོན་པོའི་ལག་ལུགས་བཙུགས་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་
དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང།སྲིད་འཛིན་རྩོད་གླེང་འོས་འཚམ་གྱིས་འདུམ་འགྲིག་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། འདྲི་གཅོད་ཐེངས་དང་པོའི་སྲིད་འཛིན་གྱོད་གཞི2283ཞིབ་གཅོད་མཇུག་བསྒྲིལ་ཞིང། སྔོན་གྱི་ལོ་ལྔའི་ལྡབ2ཡིན། རྒྱལ་ཁབ་ཀྱི་སྐྱིན་ཚབ་འཇལ་བའི་གྱོད་ཞི55ཞིབ་གཅོད་མཇུག་བསྒྲིལ་ཞིང་ལོ་གོང་མའི་དུས་མཉམ་དང་བསྡུར་ན96.43%འཕར་ཡོད་པ་དང།སྐྱིན་ཚབ་འཇལ་བར་གཏན་འཁེལ་བྱས་པའི་དངུལ་གྲངས་སྒོར་ཁྲི་ཚོ1824.29ལ་བསླེབས་ཤིང། སྔོན་གྱི་ལོ་ལྔའི་ལྡབ9ཡིན། ཁྲིམས་ལྟར་ཞིབ་གཅོད་ནན་མོ་བྱས་པ། ས་ཆ་བསྡུ་སྤྱོད་དང་བཤིག་སྤོ་སོགས་ཐོན་ཁུངས་རིགས་དང་གྲོང་ཁྱེར་འཛུགས་སྐྲུན་རིགས་ཀྱི་གྱོད་གཞི764ཞིབ་གཅོད་མཇུག་བསྒྲིལ་བ་དང33.46%ཟིན་ཡོད། སྲིད་འཛིན་ལས་ཁུངས་ཀྱི་གཏུག་བཤེར་ཕམ་པའི་གྱོད་གཞི476ཁྲིམས་ཆད་བཅད་ཅིང། གཏུག་བཤེར་ཕམ་ཚད20.84%ཡིན་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན4.78%འཕར་ཡོད། གཏུག་བཤེར་མ་ཡིན་པའི་སྲིད་འཛིན་ལག་བསྟར་གྱོད་གཞི782ཞིབ་བཤེར་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན82.28%འཕར་ཡོད།
       འདྲི་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། སྲིད་འཛིན་གྱོད་གཞི་ས་གནས་གཞན་ནས་བདག་སྐྱོང་དང་གཅིག་བསྡུས་ཀྱིས་བདག་སྐྱོང་བྱེད་པར་དོན་འཁྱོལ་བྱས་ཏེ་གཏུག་བཤེར“བྱེད་པོ་གཙོ་ཕལ”གྱི་གནད་དོན་ཐག་གཅོད་བྱས། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པ་ཁྲིམས་རར་ཞུགས་ནས་གཏུག་ལན་འདེབས་པའི་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ་ཁྲིམས་རར་ཞུགས་ནས་གཏུག་ལན་འདེབས་པའི་ཚད་ལོ་རེ་བཞིན་ཇེ་མཐོར་བཏང། འདྲི་གཅོད་འགན་ནུས་རྒྱ་བསྐྱེད་པ། བསྟུད་མར་ལོ9རུ་སྲིད་འཛིན་གྱོད་གཞི་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང། དཔེར་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ་དང། ཁྲིམས་འཛིན་སྐོར་གྱི་གྲོས་གཞི་བཏོན་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བྱས།

གཉིས། འགག་སྒྲོལ་དཀའ་སེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡིད་རྟོན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་ཆེན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“ལོ་གཉིས་དང་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི”ཐབས་ཇུས་དང་བཀོད་སྒྲིག་རྦད་ཆོད་ཀྱིས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང། སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ལག་བསྟར་བྱེད་དཀའ་བར་གཞིགས་ཏེ་ཕྱོགས་ཡོངས་ནས་འཐབ་བརྡ་བཏང་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་སྔར་ན་མེད་པའི་ཡར་རྒྱས་ཐོབ། གྱོད་གཞི59653ལག་བསྟར་མཇུག་བསྒྲིལ་བ་དང། དམིགས་བྱའི་དངུལ་གྲངས་སྒོར་དུང་ཕྱུར228.24ལ་བསླེབས་པ་དང།སྔོན་མའི་ལོ་ལྔ་བ་དང་བསྡུར་ན་སོ་སོ་ནས94.79%དང411.17%འཕར་ཡོད། ལག་བསྟར་དམིགས་སར་འབྱོར་ཚད61.2%ཡིན་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག8.11འཕར་ཡོད།

ལག་བསྟར་བྱེད་དཀའ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བའི་རྣམ་པ་ཆགས་པར་བྱས་པ།ཞིང་ཆེན་ཏང་ཨུའི་གཙིགས་འཛིན་ཆེན་པོའི་འོག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་གཏན་འབེབས》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང། ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས《མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བར་གོམ་གང་མདུན་སྤོས་ཀྱིས་སྐུལ་འདེད་གཏོང་བའི་བསམ་འཆར》དངོས་སུ་བཏོན་པ། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི་བྱ་བའི་རྣམ་པ་ཆགས་པར་བྱས་ཤིང། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁས་ལེན་གང་ལེགས་ཐོབ་ཡོད།

ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་ལ་མཉམ་འབྲེལ་ཆད་གཅོད་བྱས་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་སྒོས་ཉེས་ཆད་བརྗེད་ཐོ་བཀོད་ཅིང། ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ལ་བརྟེན་ནས་མཉམ་འབྲེལ་ཡིད་རྟོན་ཆད་གཅོད་ཁྱབ་ཁོངས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པ་དང། རིམ་པ་མང་པོ་ནས་ཡིད་ཆེས་ཤོར་བར་ཆད་པ་གཅོད་པའི་རྐྱེན་སྲོལ་འཛུགས་སྐྱོང་བྱས་ཏེ། འཚོ་བའི་འཛད་སྤྱོད་དང་དངུལ་རྩའི་བུ་ལོན་གཏོང་ལེན། ལས་གནས་གཙོ་བོ་བཞེས་པ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་ཏེ། ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་ལ“ཁ་དན་ཚིག་ཏུ་ཐེངས་གཅིག་མ་གནས་ན། ག་ས་གང་དུ་ཚོད་འཛིན་ཐེབས”སུ་བཅུགསྨྱན་བྱད་ལ་བརྟེན་ནས་ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི12621སྤྱི་བསྒྲགས་བྱས། 2017ལོ་ཁོ་ནར་ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི850ལ་འོས་འགན་འཁུར་དུ་བཅུག་པ་དང། དམིགས་བྱའི་དངུལ་གྲངས་སྒོར་ཁྲི་ཚོ9956.08ལ་བསླེབས་ཡོད།
         བཙན་ཤེད་ཀྱི་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་བ། དམངས་འཚོའི་ལག་བསྟར་གྱོད་གཞི་དང“མཐོ་སྒང་གི་འདོད་བློ”འགག་སྒྲོལ་ལག་བསྟར་སོགས་ཀྱི་ཆེད་གཉེར་བྱ་འགུལ་གཅིག་བསྡུས་ཀྱིས་གཙང་སེལ་བྱས་ནས་གྱོད་གཞི13933ལག་བསྟར་མཇུག་བསྒྲིལ་བ་དང། ལག་བསྟར་གྱོད་གཞི་ཡོད་ཚད་ཀྱི84.01%ཟིན་ཡོད། སྒོ་བརྒྱབ་པ་དང་བཀག་ཉར་བྱེད་པ། བསྡམས་འཇོག རྩིས་ཁོངས་བསྒྱུར་བ་སོགས་ཀྱི་བྱེད་ཐབས་བེད་སྤྱད་པའི་གྱོད་གཞི(ཐེངས)53433ཡོད་པ་དང། མི1847ལ་བཀག་ཉར་དང་དངུལ་ཆད་བཅད། ཁྲིམས་ཐག་བཅད་པ་གཏན་ནས་ལག་བསྟར་མི་བྱེད་པའི་ལག་བསྟར་བྱ་ཡུལ་གྱི་མི1428ལ་ཁྲིམས་འཛིན་བཀག་ཉར་བྱས་པ་དང། ལག་བསྟར་བྱ་ཡུལ་གྱི་

 མི1048ཀྱིས་ཁྲིམས་བཀོད་འོས་འགན་ལག་བསྟར་བྱས་པ། གྱོད་གཞི6212ལག་བསྟར་མཇུག་བསྒྲིལ། མགོ་ལོག་ཁུལ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱས་པའི་གྱོད་གཞིས་ལག་ཏུ་བསྟར་བར་རྒྱུ་ནོར་སྟེར་རྒྱུ་ཡོད་པའི་གྱོད་གཞིའི85%ཡན་ཟིན་པའི་བྱ་བའི་དམིགས་འབེན་ཟླ་གསུམ་གྱི་སྔོན་དུ་མངོན་འགྱུར་བྱས།

 ལག་བསྟར་བྱེད་ཐབས་གསར་གཏོད་བྱས་པདྲ་རྒྱའི་ཞིབ་བཤེར་ཚོད་འཛིན་མ་ལག་ལ་བརྟེན་ནས་དངུལ་ཁང་དུ་དངུལ་ཐོ་བཀོད་པའི་ཆ་འཕྲིན་ཁྲི་ཚོ107.7འཚོལ་ཞིབ་བྱས་པ་དང། དྲ་སྟེང་ནས་གསོག་དངུལ་སྒོར་དུང་ཕྱུར5.3བཀག་འཇོག་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཁྲིམས་ཁང་གོང་འོག་གཅིག་སྒྲིལ་དང། ཕྱི་ནང་མཉམ་སྒྲུབ། ཚད་ལྡན་ནུས་མཐོ། ཚོར་སྣང་བདེ་མྱུར་བཅས་ཀྱི་ལག་བསྟར་བཀོད་འདོམས་མ་ལག་བཙུགས་ཤིང་གྲུབ་པར་བྱས། “དྭངས་གསལ་ཅན་དང།ལས་ཕྱོད་མཐོ་བ། བར་དངུལ་ཐིག་ཡིན་པའི”དྲ་རྒྱའི་ཁྲིམས་འཛིན་ཕམ་ཚོང་རྒྱག་པར་ཤུགས་ཆེན་པོས་སྐུལ་འདེད་བཏང། 2017ལོར་དྲ་རྒྱའི་ཁྲིམས་འཛིན་ཕམ་ཚོང་རྒྱག་པའི་བྱེད་ཐབས་སྤྱད་ནས་དམིགས་བྱའི་དངོས་པོ359ཐག་གཅོད་བྱས་པ་དང། དངོས་པོ49ཚོང་འགྲིག་ཅིང། ཚོང་འགྲིག་པའི་དངུལ་གྲངས་སྒོར་ཁྲི་ཚོ5419.65ལ་བསླེབས་པ་དང། རིན་གོང་འཕར་ཚད18.02%ལ་བསླེབས། དོ་བདག་པར་བར་དངུལ་སྒོར་ཁྲི་ཚོ193.93གྲོན་ཆུང་བྱས་ནས། རྒྱུ་ནོར་ལག་དངུལ་བསྒྱུར་ཚད་ཇེ་མཐོར་བཏང་བ་དང། དོ་བདག་པའི་ཁེ་ཕན་ཆེས་ཆེ་རུ་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱུང།
     གསུམ། སྔོན་དུ་ཚོད་ལྟ་དང་སྔོན་དུ་ལག་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ལ་མངོན་གསལ་གྱི་གྲུབ་འབྲས་བྱུང།
             རྒྱལ་ཡོངས་ཀྱི་ཁག་དང་པོའི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཚོད་ལྟའི་སྡེ་ཚན་ཡིན་པའི་ཆ་ནས་བཤད་ན། བཅོས་བསྒྱུར་དོན་ཚན་སོ་སོ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། “རྒྱལ་ཁབ་རིམ་པའི་མཚོན་རྟགས”ཀྱི་བཅོས་བསྒྱུར་དེ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་དང།ཕྱོགས་བསྡུས་ཆ་འགྲིག་གི་བཅོས་བསྒྱུར་བྱ་བ་དུས་མཉམ་དུ་སྤེལ་ཏེ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ལ་འགག་སྒྲོལ་ས་གསར་བ་བྱུང་ཡོད།མི་སྣའི་རིགས་འབྱེད་དོ་དམ་མ་ལག་ཐོག་མར་གྲུབ་པ། གྲངས་བཅད་བསྡོམས་གྲངས་ཡང་དག་པར་གཏན་འཁེལ་བྱས་པ་དང། གྲངས་བཅད་ཁྲིམས་དཔོན་གྱི་འདེམ་གསེས་ཚད་གཞི་དང་གོ་རིམ་གཟབ་ནན་བྱས་ཤིང། གྱོད་གཞི་ཞིབ་གཅོད་བྱེད་ནུས་དང་གྲུབ་འབྲས་དཔྱད་ཞིབ་གསལ་བོར་བྱས་ནས། སྐད་གཉིས་ཁྲིམས་དཔོན་བཅད་གྲངས་སུ་ཚུད་པར་སྔོན་ནས་ཁག་ཐེག་བྱས། སྔ་གཞུག་ཏུ་ཁག་གསུམ་བགོས་ནས་ཁྲིམས་དཔོན1309ལས་གྲངས་བཅད་ཁྲིམས་དཔོན1110འདེམ་གསེས་བྱས་པ་དང། སྒྲིག་ཁོངས་བསྡོམས་གྲངས་ཀྱི34.6%ཟིན་ཡོད། འདྲི་གཅོད་རམ་འདེགས་མི་སྣ་བདམས་སྦྱོར་བྱ་བ་འགྲུབ་པར་བྱས་ཤིང། གདམ་ཞུས་དབང་བསྐུར་ལམ་ལུགས་ཀྱི་ཐོ་འགོད་པའི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་མགོ་བརྩམས་ཏེ་ཁྲིམས་ཁང་གི་བྱ་བའི་ཁྱད་ཆོས་ལ་འཚམ་པའི་མི་སྣའི་རིགས་འབྱེད་དོ་དམ་མ་ལག་ཕལ་ཆེར་གྲུབ་པ་དང། འདྲི་གཅོད་ཀྱི་འཐབ་ཕྱོགས་དང་པོར་བཀོད་སྒྲིག་བྱས་པའི་མི་སྣའི་བསྡུར་ཚད85%ཡན་ལ་བསླེབས་ཡོད།

   ཁྲིམས་འཛིན་གྱི་འགན་ཁུར་ལམ་ལུགས་ནུས་ལྡན་ངང་དོན་འཁྱོལ་བྱས་པ། མཉམ་གྲོས་ཁྲིམས་ར་དང་ཁྲིམས་དཔོན་གྱིས་གྱོད་གཞི་ཞིབ་གཅོད་བྱེད་པའི་གཙོ་གཞིའི་གོ་གནས་གཏན་འཁེལ་བྱས་ཏེ།འདྲི་ཞིབ་པས་ཁྲིམས་གཅོད་བྱེད་པ་དང། ཁྲིམས་གཅོད་པས་འགན་འཁུར་བ། ཁྲིམས་དཔོན་གྱིས་གྱོད་གཞིའི་སྤུས་ཚད་ནམ་འཚོའི་བར་དུ་འགན་འཁུར་དུ་བཅུག ཁྲིམས་དཔོན་ཆད་གཅོད་ཨུ་ཡོན་ལྷན་ཁང་བཙུགས་པ་དང། ཁྲིམས་དཔོན་དང་འདྲི་གཅོད་རམ་འདེགས་མི་སྣའི་དབང་ཆའི་ཞིབ་ཐོ་གཏན་འབེབས་བྱས་ནས། གྱོད་དོན་ནོར་འཁྲུལ་ཅན་གྱི་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་སྣོན་བྱས། འདྲི་གཅོད་ཨུ་ཡོན་ལྷན་ཁང་བཅོས་བསྒྱུར་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འཐབ་ཕྱོགས་དང་པོའི་ཕུལ་བྱུང་ཁྲིམས་དཔོན2བསྡུ་ལེན་བྱས་ནས་འདྲི་གཅོད་ཨུ་ཡོན་ལྷན་ཁང་དུ་ཞུགས་སུ་བཅུག ཡོན་ཀྲང་དང་ཐིན་ཀྲང་གིས་གྱོད་དོན་ཞིབ་གཅོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཐིན་ཀྲང་གིས་མི་རེའི་ཆ་སྙོམས་ཀྱི་གྱོད་དོན་ཞིབ་གཅོད་བྱས་པའི་ཚད་དེ་སོ་སོ་ནས་ཁྲིམས་དཔོན་མི་རེའི་ཆ་སྙོམས་ཀྱི་གྱོད་དོན་ཞིབ་གཅོད་བྱས་པའི་ཚད་ཀྱི34%དང94.68%ལ་བསླེབས་ཡོད། མཚོ་ཤར་མི་དམངས་ཁྲིམས་ཁང་གིས་གྲངས་འཛིན་ཁྲིམས་ཁང་མ་ལག་ལ་བརྟེན་ནས་ཡོན་ཀྲང་དང་ཐིན་ཀྲང་གིས་གྱོད་དོན་ཞིབ་གཅོད་བྱས་པའི་གནས་ཚུལ་འཐེབ་གཅིག་གིས་འཚོལ་ལེན་བྱས་པ་དང། འགུལ་རྣམ་ལྟ་རྟོག་ཚོད་འཛིན་བྱས་ཏེ་ཁྲིམས་ཁང་གི་མགོ་ཁྲིད་པས་གྱོད་གཞི་ཞིབ་གཅོད་མི་བྱེད་པ་དང།“མིང་བཀལ་ཏེ་གྱོད་གཞི་ཞིབ་གཅོད་བྱེད་པའི”གནས་ཚུལ་འབྱུང་བར་ཕལ་ཆེར་གཏན་འགོག་བྱས།

   ཁྲིམས་འཛིན་གྱི་ལས་རིགས་འགན་སྲུང་བསྟུད་མར་འཐུས་ཚང་དུ་བཏང་བ། བཅད་གྲངས་སུ་ཚུད་པའི་ཁྲིམས་དཔོན་ཀྱི་ཁེར་རྐྱང་གོ་གནས་རིམ་སྒྲིག་གི་རིགས་འགྲེ་བཅོས་སྒྱུར་བྱ་བ་འགྲུབ་པར་བྱས་ཏེ། ཁེར་རྐྱང་གོ་གནས་རིམ་སྒྲིག་གི་ཟླ་ཕོགས་ཁ་བཤད་ལག་བསྟར་བྱས་པ་དང། ཁྲིམས་དཔོན་གྱི་གོ་གནས་དུས་ལྟར་སྤར་བ་དང་ལེགས་བདམས་འདེམས་སྤར་གྱི་རྐྱེན་སྲོལ་གཏན་འབེབས་བྱས། རྣམ་པ་གསར་བའི་བྱས་འབྲས་དཔྱད་ཞིབ་དང་བྱ་དགའ་བགོ་བཤའ་བྱེད་པའི་ལམ་ལུགས་བཙུགས་ཏེ་ཁྲིམས་དཔོན་དང་འདྲི་གཅོད་རམ་འདེགས་མི་སྣའི་བྱ་བའི་གྲུབ་འབྲས་ལ་ཚན་རིག་ལྟར་དཔྱད་འཇོག་བྱས། མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལ་ཐེ་གཏོགས་བྱས་ཤིང་གྱོད་དོན་ཞིབ་གཅོད་ནང་ཐེ་ཇུས་བྱས་པའི་ཟིན་ཐོ་བརྡ་ཁྱབ་གཏོང་བའི་རྐྱེན་སྲོལ་དང། ཁྲིམས་ཁང་ནང་ཁུལ་གྱི་མི་སྣས་གྱོད་དོན་འདྲི་རྟོག་བྱས་པའི་ཟིན་ཐོ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་བཙུགས་ནས་གྱོད་དོན་ཞིབ་གཅོད་ལ་འགལ་རྐྱེན་བཟོ་བར་སྔོན་འགོག་བྱས། ཁྲིམས་དཔོན་གྱི་ཁེ་དབང་འགན་སྲུང་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྲིམས་དཔོན་དང་དེའི་གཉེན་ཉེའི་མི་ལུས་དང་རྒྱུ་ནོར་གཉིས་ཀའི་བདེ་འཇགས་ལ་སྲུང་སྐྱོབ་བྱས།
            ཞིང་ཆེན་རིམ་པས་མི་རྒྱུ་དངོས་གསུམ་གཅིག་གྱུར་གྱིས་དོ་དམ་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས་པ། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་རྒྱལ་ཡོངས་སུ་ཞིང་ཆེན་མན་ཆད་ཀྱི་ཁྲིམས་ཁང་མགོ་ཁྲིད་ལས་བྱེད་པའི་དོ་དམ་བྱེད་ཐབས་སྔོན་ནས་དངོས་སུ་བཏོན་ཞིང།ཁྲིམས་ཁང་གི་སྒྲིག་ཁོངས་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་དོ་དམ་བྱས་པ་དང། ཁྲིམས་ཁང་གི་མི་སྣ་ཁེར་རྐྱང་བསྡུ་ལེན་བྱེད་པའི་རྐྱེན་སྲོལ་བཙུགས་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྲོན་དངུལ་དང་གཏན་འཇགས་རྒྱུ་ནོར། མི་སྣའི་ཟླ་ཕོགས་ཡོད་ཚད་ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་ནང་དུ་བཀོད་དེ་ཁྲིམས་འཛིན་དྲང་གཞག་བྱེད་པའི་དོ་དམ་སྒྲིག་སྲོལ་གསར་བ་ཕལ་ཆེར་གྲུབ་པར་སྔར་ལས་ཕན་ཐོགས་ཡོད།

 ཕྱོགས་བསྡུས་ཆ་འགྲིག་གི་བཅོས་བསྒྱུར་དུས་མཉམ་དུ་སྐུལ་འདེད་བཏང་བ། གྱོད་དོན་ཐོ་འགོད་ལམ་ལུགས་ཀྱི་བཅོས་བསྒྱུར་ལེགས་འགྲུབ་བྱས་ཏེ་ཡུལ་དངོས་ནས་གྱོད་ཐོ་འགོད་ཚད100%ལ་བསླེབས་ཡོད། རྒྱུན་ལྡན་ཉེས་དོན་གྱོད་གཞིའི་གཞི་རྩའི་བདེན་དཔང་ལ་བརྟེན་ནས་ཁྲིད་སྟོན་བྱེད་པར་འཚོལ་ཞིབ་བྱས་ཏེ་འདྲི་གཅོད་ལྟེ་བ་ཡིན་པའི་ཉེས་དོན་ཞུ་གཏུག་ལམ་ལུགས་ཀྱི་བཅོས་བསྒྱུར་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོན་པར་སྐུལ་འདེད་བཏང། ཁྱིམ་དོན་འདྲི་གཅོད་བྱེད་ཐབས་དང་བྱ་བའི་རྐྱེན་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་བརྟན་འཇགས་སུ་བཏང། མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་ཁྱིམ་དོན་འདུམ་འགྲིག་དང་སེམས་ཁམས་ཁྲིད་སྟོན་རྐྱེན་སྲོལ་ནང་དུ་དྲངས་ཏེ་ཕན་འབྲས་བཟང་པོ་ཐོབ། རྣམ་མང་ཅན་གྱི་རྩོད་གཞི་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང། འདུམ་འགྲིག་དང་ཞུ་གཏུག་ཕྱིར་འཐེན་པའི་ཐབས་ལ་བརྟེན་ནས་འདྲི་གཅོད་དང་པོའི་དམངས་དོན་གྱོད་གཞི143720ཞིབ་གཅོད་མཇུག་བསྒྲིལ་བ་དང80.94%ཟིན་ཡོད། གྱོང་ཆུང་མྱུར་གཅོད་ཀྱི་རྣམ་པ་ཁྱབ་སྤེལ་བྱས་ནས་སྟབས་བདེའི་དམངས་དོན་དང་ཚོང་དོན་སྐོར་གྱི་གྱོད་གཞི1109མགྱོགས་མྱུར་གྱིས་ཞིབ་གཅོད་མཇུག་བསྒྲིལ་ཡོད། ཉེས་དོན་གྱོད་གཞི་ཆུང་བ་མགྱོགས་མྱུར་གྱིས་ཐག་བཅད་དེ་གྱོད་གཞི1222ཞིབ་གཅོད་མཇུག་བསྒྲིལ་བ་དང། ཆ་སྙོམས་ཀྱི་འདྲི་ཞིབ་དུས་བཅད་ཉིན8.1ཡིན་ཞིང། གོང་གཏུག་གི་གྱོད་གཞིས0.28%ལས་ཟིན་གྱི་མེད།
         བཞི། འཛུགས་སྐྲུན་དང་བཀོལ་སྤྱོད་གཉིས་ཀ་གལ་ཆེན་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཁྲིམས་ཁང་གི་ཆ་འཕྲིན་ཅན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས།དེང་རབས་གྱི་ཚན་རྩལ་ལ་རང་འགུལ་གྱིས་འཐམས་ཏེ་མཚོ་སྔོན་ཁྲིམས་ཁང་གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དེ་མེད་པ་ནས་ཡོད་པ་དང། ཉམ་ཆུང་ནས་སྟོབས་ཅན་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ཤིང། ཤེས་རབ་ཁྲིམས་ཁང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་བླངས་ཡོད།

   ཁྲིམས་ཁང་བྱ་བ་དྲ་རྒྱ་ཅན་དུ་བསྒྱུར་བ། “ཐུར་སྲང་ལས་གྲྭ”ལག་བསྟར་བྱས་ཤིང། “མཛོད་གཅིག་དང་ལྟེ་གནས་གཉིས། ལས་སྟེགས་གསུམ”དང་མཚོ་སྔོན་མི་དམངས་ཁྲིམས་ཁང་གི་ཆེད་ཡོད་སྤྲིན་རྩིས་ལས་སྟེགས་བཙུགས་ནས། ཁྲིམས་ཁང་ཆེད་གཉེར་དྲ་བ་དང། སྤོ་སྒུལ་ཆེད་གཉེར་དྲ་བ།ཕྱི་ཕྱོགས་ཆེད་གཉེར་དྲ་བ། མཉམ་འབྲེལ་དྲ་བ། གསང་འབྲེལ་ནང་ཁུལ་དྲ་བ་སོགས་ཀུན་ལ་བརྒྱུད་སྦྲེལ་བྱས་པ་དང་ཀུན་ལ་ཁྱབ་པར་བྱས་ཏེ། དྲ་ཐོག་ནས་གྱོད་གཞི་ཐག་གཅོད་དང་གཞུང་ལས་གཉེར་བའི་དམིགས་འབེན་མངོན་འགྱུར་བྱས་པ་དང། སྤྱི་ཚོགས་སྤྱི་དམངས་ལ་དུས་ཚོད24ནང་རྒྱུན་ཆད་མེད་པར་དྲ་ཐོག་ནས་ཞུ་གཏུག་བྱེད་པའི་ཞབས་ཕྱི་མཁོ་སྤྲོད་བྱས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་སྟབས་བདེ་བའི་ཁ་པར་སྤྱོད་སྣེ་གྱི་འབྲེལ་མཐུད་ལས་སྟེགས་མཁོ་སྤྲོད་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གློག་རྡུལ་ཡིག་ཚགས་ཀྱི་རིམ་པ་དང་པོའི་ཆེད་གཉེར་དྲ་བའི་ཞིབ་གཟིགས་དང། ཁྲིམས་འཛིན་སྡོམ་རྩིས་ཟླ་སྒྲིལ། ཀྲུང་གོའི་བཅའ་ཁྲིམས་ཀྱི་བཀོལ་སྤྱོད་གྲངས་འཛིན་དྲ་བའི་ཞབས་ཕྱི་ལས་སྟེགས། འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན་མངོན་གསལ་དུ་ལྟ་སྐུལ་དོ་དམ་བྱེད་པའི་ལས་སྟེགས་བཅས་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་ལས་འགན་ཡོངས་སུ་གྲུབ་པར་བྱས།

   འདྲི་གཅོད་ལག་བསྟར་རིག་ནུས་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་བ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་གྱོད་གཞི་དང། ཁྲིམས་འཛིན་མི་དོན་དོ་དམ། ཁྲིམས་འཛིན་སྲིད་འཛིན་ལས་སྒོའི་གཞི་གྲངས་བཅས་འདུས་པའི་ཁྲིམས་འཛིན་འདྲི་གཅོད་ཐོན་ཁུངས་མཛོད་བཙུགས་ཤིང་གྲུབ་སྟེ། བྱ་བ་སོ་སོར་ཕྱོགས་ཡོངས་ཀྱི་གཞི་གྲངས་ཆེན་མོའི་རྒྱབ་སྐྱོར་མཁོ་སྤྲོད་བྱས། ཚན་རྩལ་ཁྲིམས་ར318བཙུགས་ཤིང་གྲུབ་པ་དང། གློག་རྡུལ་ཡིག་ཁུག་གཏིང་ཟབ་མོའི་བཀོལ་སྤྱོད་དང། ཁྲིམས་རའི་འདྲི་གཅོད་ཀྱི་སྐད་ཆའི་རིག་ནུས་ངོས་འཛིན། ཁྲིམས་རའི་འདྲི་གཅོད་ཀྱི་ཚད་ལྡན་རིག་ནུས་སྐོར་ཞིབ་སོགས་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མིས་བཟོས་རིག་ནུས་བེད་སྤྱད་དེ་ཁྲིམས་དཔོན་གྱིས་གྱོད་གཞི་ཁྲིམས་ཆད་གཅོད་པར་རམ་འདེགས་བྱས།གཞི་གྲངས་མཉམ་སྤྱོད་བརྗེ་རེས་དང་ལས་སྒོའི་མཐུན་སྡེབ་ལས་སྟེགས་བཙུགས་ཤིང་གྲུབ་ནས། ཞིང་ཆེན་ཡོངས་ཀྱི་འདྲི་གཅོད་གནས་བབ་ལ་དུས་ཐོག་ནས་དབྱེ་ཞིབ་བྱས།ཁྲིམས་འཛིན་འཁོར་རྒྱུག་ཀུན་གསལ་ཅན་དུ་སྒྱུར་བའི་དམིགས་འབེན་མངོན་འགྱུར་བྱས་པ། འདྲི་གཅོད་ལས་རིམ་དང། ཁྲིམས་རའི་འདྲི་གཅོད་བྱེད་སྒོ། ཁྲིམས་གཅོད་ཡིག་ཆ། ལག་བསྟར་ཆ་འཕྲིན་བཅས་ཀྱི་སྤྱི་བསྒྲགས་ལས་སྟེགས་ཆེན་པོ་བཞི་བཙུགས་ཤིང་གྲུབ་སྟེ། སྤྱི་བསྒྲགས་ཀྱི་བསྡུར་ཚད་དང་དུས་ཐོག་ཡིན་ཚད་བཅས་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་གྲས་སུ་བསླེབས་ཡོད། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་དོ་བདག་པར་གྱོད་གཞིའི་ལས་རིམ་ཆ་འཕྲིན་ཚན་པ་ཁྲི་ཚོ321ལྷག་དང།སྤྱི་བསྒྲགས་གྱོད་གཞི་ཁྲི་ཚོ21.4ལྷག ཐད་གཏོང་ཁྲིམས་རའི་འདྲི་གཅོད་ཐེངས་གྲངས12395། སྤྱི་བསྒྲགས་བྱས་པའི་ཁྲིམས་གཅོད་ཡིག་ཆ་ཁྲི་ཚོ16.5བཅས་འགྲེམ་གཏོང་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས2015ལོར་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ལམ་ལུགས་བཙུགས་ནས་བཟུང། གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས38བསྡུས་ཡོད། མཚོ་སྔོན་ཁྲིམས་ཁང་གི་དྲ་ཚིགས་རགས་ལྟ་བྱེད་ཚད་དེ་རྒྱལ་ཡོངས་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་ཁྲོད་སྔོན་གྲས་སུ་བསླེབས་ཡོད་པ་དང་མ་ཡིག་བཏང་ཚད་ཨང3པར་གནས་ཡོད། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་ཚང་མ“མི་དམངས་ཉིན་རེའི་ཚགས་པར”དང“དེ་རིང་གི་གསར་འགྱུར་གལ་ཆེན”།ཁྱུང་ཆེན་དྲ་བའི“དཔྱད་ཡིག་ཆ་འཕྲིན་ཕྲན་བུ”ཞེས་པ་སོགས་ཀྱི་སྤོར་སྒུལ་གསར་འགྱུར་སྤྱོད་སྣེར་སྒྲིག་འཇུག་བྱས་ཡོད།
           ལྔ། རྩ་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ཁང་གི་གཞི་རིམ་རྨང་གཞིའི་བྱ་བར་ཤུགས་སྣོན་བྱས།

གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་དང་དངོས་ཟོག་དམག་ཆས་གཏོང་འཇོག་ཇེ་ཆེར་བཏང་ཐོག་ཁྲིམས་འཛིན་འདྲི་གཅོད་བྱ་བའི་རྩ་བ་བརྟན་པོར་བཏང་ནས་མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པར་གྲུབ་འབྲས་གསར་བ་བླངས།
          གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ། གཞི་རིམ་གྱི་མི་སྣའི་སྒྲིག་ཁོངས་དང། ཁྲིམས་རའི་བཀོད་སྒྲིག གྲོན་དངུལ་འགན་སྲུང། འགན་རིམ་ཐོབ་ཐང་སོགས་ཀྱི་གནད་དོན་མཐུན་སྦྱོར་དོན་འཁྱོལ་བྱས་ཏེ་མི་སྣ389བདམ་གསེས་སྐོང་འཐེན་དང་བསྡུ་ལེན་བྱས་ནས་གཞི་རིམ་འཐུས་ཚང་དུ་བཏང། ལོ་ལྔའི་རིང་ལ། གཞི་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཞིབ་གཅོད་བྱས་པའི་གྲངས་ཀ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་གཞིའི་སྤྱི་འབོར་གྱི81.61%ཟིན་ཡོད་ལ། སྔོན་གྱི་ལོ་ལྔ་དང་བསྡུར་ན་བརྒྱ་ཆའི་ཚེག2.41འཕར་ཡོད། དེ་ལས་མི་དམངས་ཁྲིམས་ར88ཀྱིས་གྱོད་གཞི་ཞིབ་གཅོད་བྱས་པའི་གྲངས་འབོར་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན77.64%འཕར་ཡོད་པ་དང། གཞི་རིམ་ཁྲིམས་ཁང་གི་གྱོད་གཞིའི་གྲངས་འབོར་གྱི23.69%ཟིན་ཡོད་ལ། དམངས་དོན་དང་ཚོང་དོན་སྐོར་གྱི་རྙོག་འཛིང་མིན་པའི་གྱོད་གཞི་མང་ཆེ་བ་མང་ཚོགས་ཀྱི་ཁྱིམ་སྒོ་ནས་ཐག་གཅོད་ཐུབ་པར་བྱུང། མི་དམངས་འདྲི་གཅོད་ལས་རོགས་པ་འདྲི་གཅོད་ལ་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་འདྲི་གཅོད་ལས་རོགས་པ882གཞི་རིམ་ཁྲིམས་ཁང་གི་འདྲི་གཅོད་ཐེངས་དང་པོའི་སྤྱིར་བཏང་གོ་རིམ་གྱི་གྱོད་གཞི30543གྱི་འདྲི་གཅོད་ལ་ཞུགས་པ་དང། འདྲི་གཅོད་ལ་ཞུགས་ཚད62.28%བསླེབས་ཡོད།

  “ཁྲིམས་ར་གཉིས”ཀྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར16.05བཏང་སྟེ་འདྲི་གཅོད་ཁྲིམས་ར44དང་མི་དམངས་ཁྲིམས་ར82གསར་སྐྲུན་དང་ཞིག་གསོ་བྱས་པ་དང། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ཚོ46.5ཡོད། མི་དམངས་ཁྲིམས་ར64དང་དེར་གནས་ཡོད་པའི་ཁྲིམས་ཁང་གི་དྲ་ལམ་མཉམ་སྦྲེལ་དམིགས་འབེན་མངོན་འགྱུར་བྱས་ཤིང། མི་དམངས་ཁྲིམས་རའི་གློག་རྡུལ་གྱི་མིང་འགོད་ཐེའུ་རྒྱག་མ་ལག་འཛུགས་སྐྲུན་གྲུབ་པར་བྱས། དམག་ཆས་མ་དངུལ་སྒོར་དུང་ཕྱུར5.05བཏང་སྟེ་ལས་སྒོའི་གྱོད་གཞི་ཞིབ་གཅོད་ལ་སྤྱོད་པའི་རླངས་འཁོར་དང་སྐོར་སྐྱོད་འདྲི་གཅོད་ཆེད་སྤྱོད་རླངས་འཁོར་གསར་བཅོས་དང་སྒྲིག་སྦྱོར་བྱས་པ་མ་ཟད། ཁྲིམས་རའི་སྒྲིག་ཆས་དང། གཞུང་ལས་དང་གྱོད་དོན་ཞིབ་གཅོད་བྱེད་པའི་སྒྲིག་ཆས། བདེ་སྲུང་སྒྲིག་ཆས་སོགས་ལ་ཁ་གསབ་དང་གསར་བཅོས་བྱས།
འདྲི་གཅོད་དོ་དམ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་པ། ཁྲིམས་འཛིན་གྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་པའི་དུས་མཚུངས་སུ་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་གོ་རིམ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དང། ལམ་ལུགས་དང་བྱེད་ཐབས30ལྷག་དངོས་སུ་བཏོན་ཏེ་དབང་ཆ་གློད་རྗེས་ཀྱི་ལྟ་སྐུལ་གནད་དོན་དངོས་སུ་ཐག་གཅོད་བྱས། དུས་ཚིགས་རེར་འདྲི་གཅོད་དང་ལག་བསྟར་བྱ་བའི་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་དཔྱད་གཅོད་བྱས་ཏེ་སྦྲེལ་ཚིགས་ཚོད་འཛིན་དང་འགུལ་རྣམ་ལྟ་སྐུལ་བྱས། འདྲི་གཅོད་ལས་སྒོའི་ཆེད་མཁས་པ་དང། ཁྲིམས་ཁང་གི་རིག་ནུས་མཛོད་ཀྱི་ཆེད་མཁས་པ། མིང་གྲགས་ཅན་གྱི་ཁྲིམས་རྩོད་པ་བཅས་ཀྱིས་ཁྲིམས་རའི་འདྲི་གཅོད5000ལྷག་དང། ཁྲིམས་གཅོད་ཡིག་ཆ3100བཅས་ལ་ཞིབ་དཔྱད་བྱེད་པར་རྩ་འཛུགས་བྱས་ཏེ། འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང།
            ཁྲིམས་འཛིན་གྱིས་དམངས་ལ་སྟབས་བདེ་བཟོ་བའི་བྱེད་ཐབས་དོན་འཁྱོལ་བྱས་པ། ཞུ་གཏུག་ཞབས་ཕྱིའི་ཚོམས་ཆེན་དང། ཞུ་གཏུག་ཞབས་ཕྱིའི་དྲ་བ། 12368ཞུ་གཏུག་ཞབས་ཕྱིའི་འབྲེལ་ལམ་བཅས“ཕྱོགས་གསུམ་གཞི་གཅིག”གི་ཞུ་གཏུག་ཞབས་ཕྱིའི་ལྟེ་གནས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཏེ། དྲ་ཐོག་ནས་གྱོད་ཐོ་བཀོད་པ་དང། སྐྱེལ་སྤྲོད་བྱས་པ། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པར་སྐུལ་འདེད་བཏང་ཞིང། དྲ་ཐོག་ནས་གྱོད་གཞི་འཕེལ་རིམ་གྱི་ཆ་འཕྲིན་བསྐུར་ཡོད། རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་མངའ་ཁོངས་སུ་སྐོར་སྐྱོད་འདྲི་གཅོད་བྱེད་ས41བཙུགས་ཏེ་ཁྲིམས་འཛིན་གྱིས་དམངས་ལ་སྟབས་བདེ་བཟོ་བ་དང་ཕན་འདོགས་པའི“མཐའ་མའི་གནད་འགག”ལས་བསྒྲལ་ཡོད། མཚོ་ནུབ་ཁུལ་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་མཛུབ་སྟོན་དང། ཁྲིམས་རའི་བྱེད་སྒོ་སོགས་ཀྱི་ལྷུ་ཚིགས་སོ་སོར་སྐད་གཉིས་ཞུ་གཏུག་ཞབས་ཕྱི་མཁོ་སྤྲོད་བྱས་ཏེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
           དཔལ་འབྱོར་ཐད་ལ་དཀའ་ཁག་ངོ་མ་ཡོད་པའི་དོ་བདག་པས་ཉུང་དུ་སྤྲོད་པ་དང་སྤྲོད་རྒྱུ་ཕྱིར་འགྱངས་པ། སྤྲོད་མི་དགོས་པའི་ཞུ་གཏུག་གི་འགྲོ་སོང་སྒོར་ཁྲི་ཚོ3227.18ལ་བསླེབས་ཤིང། འཚོ་བར་དཀའ་ཁག་ཡོད་པའི་དོ་བདག་པར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་ཚོ2182.06འགྲེམ་གཏོང་བྱས། དྲ་ཐོག་བརྙན་ཟློས་བེད་སྤྱད་དེ་འདྲི་གཏུག་དང་ལེན་བྱེད་པར་སྐུལ་སྤེལ་བཏང་ཞིང། ཁྲིམས་རྩོད་པས་ཞུ་གཏུག་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་ལས་ཚབ་བྱས་པ་དང་འདུམ་འགྲིག་ལ་ཞུགས་པར་སྐུལ་མ་བཏང་བ་དང།རྫུན་བཟོའི་ཞུ་གཏུག་ལ་ཁྲིམས་ལྟར་ཆད་གཅོད་བྱས་ནས་ཞུ་གཏུག་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་ནུས་ལྡན་གྱིས་འདུམ་འགྲིག་བྱས། བསྡོམས་པས་པེ་ཅིན་ལ་གཏུགས་པའི་ཞུ་གཏུག་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི196ཞིབ་གཅོད་བྱས་པ་དང། སྔོན་མའི་ལོ་ལྔ་དང་བསྡུར་ན43.4%མར་འབབ་པ། ཞུ་གཏུག་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་གྱོད་གཞི721ཐག་གཅོད་ཡག་པོ་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན36.5%མར་འབབ་ཡོད།

དྲུག གཟབ་ནན་ཏན་ཏིག་གིས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ཁང་ལས་བྱེད་པའི་དཔུང་སྡེའི་སྤྱི་ཡོངས་ཀྱི་རྒྱུ་སྤུས་མངོན་གསལ་གྱིས་མཐོར་འདེགས་སུ་བཏང།

ཏང་ནན་སྐྱོང་དང་ཁྲིམས་ཁང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ནས་བློ་དཀར་བ་དང་སྤྱོད་པ་གཙང་མ། འགན་འཁྲི་འཁུར་ཕོད་པའི་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་པ་དང། དཔུང་སྡེའི་འཛུགས་སྐྲུན་ལ་རྣམ་པ་གསར་བ་མངོན།བསམ་བློ་དང་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་པ། ཕུགས་འདུན་དང་ཡིད་ཆེས་ནམ་ཡང་བརྟན་པོ་བཅངས་པ་དེ་ལས་འགན་གཙོ་བོར་བཟུང་ཞིང། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་དུ་བཟུང་སྟེ། ལྟེ་གནས་ཚན་ཆུང་སློབ་སྦྱོང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས66བསྡུས།ཏང་ནང་གི་ཆབ་སྲིད་འཚོ་བར་གཟབ་ནན་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས5བསྡུས། དམངས་གཙོ་གཅིག་བསྡུས་ལམ་ལུགས་མཐར་ཕྱིན་བྱས་ཏེ་ཏང་ཙུའུ་ཐུན་མོང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང། གྲངས་མང་མ་དངུལ་བཀོལ་སྤྱོད། ལས་བྱེད་པ་བདམས་ནས་བསྐོ་གཞག་བྱེད་པ་སོགས་གཏན་འཁེལ་བྱས། འབྲིང་རིམ་དང་གཞི་རིམ་མི་དམངས་ཁྲིམས་ཁང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་བྱ་བ་ལེགས་སྒྲུབ་བྱེད་པར་རོགས་བྱས་ནས་མགོ་ཁྲིད་ཚན་ཆུང་ལེགས་འདེམ་ཧྲག་སྒྲུག་བྱས། གཞི་རིམ་གྱི་ཏང་རྩ་འཛུགས་འཐུས་ཚང་དུ་བཏང་ཐོག་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང། “ནན་གསུམ་རྣལ་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་ནས། “གཉིས་སློབ་གཅིག་བྱེད”ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་བྱས།

 ལས་བྱེད་པའི་དཔུང་སྡེའི་སྤྱི་ཡོངས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་བ། ལས་སྒོའི་གསོ་སྦྱོང་སྐབས82སྤེལ་བ་དང། གསོ་སྦྱོང་ལ་ཞུགས་པའི་མི(ཐེངས)ཁྲི་ཚོ1.4ལ་བསླེབས་པ། འཇམ་ཁྲིད་སྦྱོང་བརྡར་གྱི་ལས་འགན་འགྲུབ་པའི་སྐབས299དང་མི(ཐེངས)1021ལ་བསླེབས་པས་ཞིང་ཆེན་ཡོངས་ཀྱི་ཁྲིམས་དཔོན་ཉུང་མཐར་ཡང་རེས་སྐོར་སྦྱོང་བརྡར་ལ་ཞུགས་ཐུབ་པ་ཐེངས་གཉིས་ཡོད།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ནས《མཚོ་སྔོན་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་འདྲི་གཅོད་འཇོན་མི་གསོ་སྦྱོང་དང་གསོ་སྐྱོང་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཤིང། བསྟུད་མར་ལོ9ལ་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང། མི(ཐེངས)488ཀྱིས་གསོ་སྦྱོང་དང་ལེན་བྱས་ཏེ། བོད་ཁུལ་གྱི་མི་དམངས་ཁྲིམས་ཁང་དུ་ཉུང་མཐར་ཡང་སྐད་གཉིས་ཤེས་པའི་བཅའ་ཁྲིམས་འཇོན་མི2ཡོད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མངག་བཅོལ་ལྟར་ཞིང་ཆེན་ཕྱིའི་ཁྲིམས་ཁང་ལ་གསོ་སྦྱོང་བྱས་པའི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་མི(ཐེངས)67ཡོད་པས་རྒྱལ་ཡོངས་ཁྲིམས་ཁང་གི་ཤན་སྟོབས་སྔར་ལས་རྒྱ་ཆེར་བསྐྱེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྣོན་གསབ་དག་བཅོས་བྱས་པའི《རྒྱ་བོད་ཤན་སྦྱར་གྱི་ཁྲིམས་རིག་ཚིག་མཛོད》དང་རྩོམ་སྒྲིག་རྩ་འཛུགས་བྱས་པའི《རྒྱ་བོད་སྐད་གཉིས་གནད་བསྡུས་སྤྱོད་ཆེའི་ཞུ་གཏུག་ཚིག་མཛོད》གཉིས་མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གི་སྐད་གཉིས་བཅའ་ཁྲིམས་རིག་གནས་དཔེ་སྐྲུན་ལས་གྲྭར་བཞག་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཐུན་མོང94དང་མི་སྒེར115ལ་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་ཐོབ་ཅིང། མི་དམངས་མང་ཚོགས་ལ་སྣང་བརྙན་བཟང་པོ་ཞིག་བཞེངས།

 ཁྲིམས་ཁང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་པ། “གདེང་ཚོད་བཞི”བརྟན་པོར་བཅངས་ཏེ་ནུབ་ཕྱོགས་ཀྱི“དབང་གསུམ་དབྱེ་བཀོད”དང“ཁྲིམས་འཛིན་ཁེར་རྐྱང”སོགས་ནོར་འཁྲུལ་གྱི་བསམ་བློའི་ཤན་ཤུགས་མཐའ་གཅིག་ཏུ་བཀག་འགོག་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་རྩ་འཛུགས་བྱས་ཏེ་ཀྲོའུ་ཡུང་ཁང་ལ་འབྲེལ་བའི་ཤོག་བུ་དང་གློག་རྡུལ་རྣམ་པའི་ཡིག་ཆ་དང་ཚགས་པར། དཔེ་དེབ་སོགས209རྩད་གཅོད་མཐར་ཕྱིན་དང་གཙང་བཤེར་བྱས་ནས་དུག་རྒྱུན་ཕྱོགས་ཡོངས་ནས་གཙང་སེལ་བྱས། ཁྲིམས་ཁང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་ཁུར་ལམ་ལུགས་དོན་འཁྱོལ་གནས་ཚུལ་རྟོག་ཞིབ་བྱེད་པར་ཤུགས་སྣོན་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་མགོ་ཁྲིད་དབང་ཆ་དང། དོ་དམ་དབང་ཆ། སྐད་ཆའི་བཤད་དབང་དམ་པོར་བཟུང་ནས་ནོར་འཁྲུལ་གྱི་ལྟ་བ་སོ་སོར་མངོན་གསལ་གྱིས་ངོ་རྒོལ་དང་བཀག་འགོག་བྱས།
          སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་བ། “འགན་འཁྲི་གཉིས”ནན་ཏན་གྱིས་ལག་ལེན་བྱས་ཤིང། སྲིད་དོན་གཙང་སྐྱོང་ཐད་ཀྱི་གླེང་མོལ་དང་བྱ་བ་སྐོང་འདྲི་རིམ་པ་རེ་རེ་བཞིན་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་ལ་བསྲིངས་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང། ཞིང་ཆེན་སྐོར་གཟིགས་ཚན་ཆུང་གིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མགོ་ཁྲིད་ཚན་ཁག་དང་ཏང་ཙུའུ་ཁོངས་མིར་དུས་ཡུན་ཟླ་གསུམ་ཡིན་པའི་ཆེད་དོན་ཆབ་སྲིད་སྐོར་གཟིགས་གྱི་བྱ་བ་སྤེལ་བར་ཧུར་ཐག་གིས་གཞོགས་འདེགས་བྱས་ཤིང། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཆེད་དོན་ཁྲིམས་འཛིན་སྐོར་ཞིབ་དང་ལེན་བྱས། འབྲིང་རིམ་མི་དམངས་ཁྲིམས་ཁང་བརྒྱད་ལ་ཁྲིམས་འཛིན་སྐོར་ཞིབ་བྱས་ཏེ་ཀུན་ལ་ཁེབས་པར་བྱས། ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པ་དང་ཉེན་རྟོག་པ36ལ་ཞིབ་གཅོད་ནན་མོ་བྱས།

 འཐུས་མི་རྣམ་པ། ལོ་ལྔའི་རིང་ལ། ང་ཚོས་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱས་ཤིང། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནན་ཏན་ངང་དང་ལེན་བྱས་པ་དང།ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱས་ལ། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱས་པ་མ་ཟད། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམ་པའི་བསམ་འཆར་ལ་ཉན་པའི་མི(ཐེངས)11983ལ་བསླེབས་ཤིང། འཐུས་མིས་བསམ་འཆར་བཏོན་པ་དང་མཐོང་ཆེན་བྱས་པའི་གྱོད་གཞི111བསྒྲུབས་ལན་བཏབ་པ་དང།སྲིད་གྲོས་ཀྱིས་བཏོན་པའི་གྲོས་གཞི68བསྒྲུབས་ལ། རྒོལ་གཏུག་གྱོད་གཞི132ཁྲིམས་ལྟར་ཞིབ་གཅོད་མཇུག་བསྒྲིལ་ཡོད། དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་དམིགས་ཡུལ་ཧུར་བརྩོན་གྱིས་ལག་བསྟར་བྱས་ཤིང། སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་འབད་པས་ཨ་ལན་བཏབ་པ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་ཁྲིམས་འཛིན་གྱི་དགོས་མཁོ་རིམ་བཞིན་བསྐངས་ནས། མཉམ་གཅིག་ཏུ་ཁྲིམས་འཛིན་དྲང་བདེན་ལ་སྲུང་སྐྱོང་བྱས།
          ལོ་ལྔའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། མཚོ་སྔོན་ཁྲིམས་ཁང་གི་བྱ་བ་ལེགས་སྒྲུབ་བྱེད་དགོས་ན།ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱས་ནས་ཁྲིམས་ཁང་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁག་ཐེག་བྱ་དགོས་པ་དང་གཅིག ངེས་པར་དུ་ཁྲིམས་ལྟར་ཁེར་རྐྱང་དང་དྲང་བདེན་གྱིས་འདྲི་གཅོད་དབང་ཆ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་ནུས་ལྡན་གྱིས་ལག་བསྟར་བྱེད་པར་ཁག་ཐེག་བྱ་དགོས་པ་དང་གཉིས། ངེས་པར་དུ་ཁྲིམས་འཛིན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་མི་དམངས་ཁྲིམས་འཛིན་ལས་དོན་ཚན་རིག་ལྟར་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས་པ་དང་གསུམ། ངེས་པར་དུ་ཁྲིམས་ཁང་གི་བྱ་བ་དང་ཆ་འཕྲིན་ཅན་གཉིས་མཉམ་འདྲེས་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་ཁག་ཐེག་བྱ་དགོས་པ་དང་བཞི། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་ཁང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དཔུང་སྡེའི་བསམ་བློ་རྣམ་དག་དང་སྤྱོད་པ་གཙང་མ། འགན་འཁྲི་ཁུར་ཕོད་པར་ཁག་ཐེག་བྱ་དགོས་པ་དང་ལྔ་བཅས་ང་ཚོས་ངོས་འཛིན་ཟབ་མོ་བྱས།
          འཐུས་མི་རྣམ་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་འཕེལ་རྒྱས་གསར་བ་ཡོད་པ་དང། གྲུབ་འབྲས་གསར་བ་བླངས་པ། འགྱུར་ལྡོག་གསར་བ་མངོན་འགྱུར་བྱུང་ཐུབ་པ་ནི། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཞིན་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཆེན་པོ།དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མི་སྣའི་ཐུགས་ཁུར་དང་རོགས་སྐྱོར་བྱས་པ་བཅས་ཀྱི་འབྲས་བུ་ཡིན་པས། ངས་འདི་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།ང་ཚོས་ཀྱང་ངོས་འཛིན་གསལ་བོ་བྱས་པ་སྟེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་ད་དུང་གནད་དོན་དང་དཀའ་ལས་མི་ཉུང་བ་ཞིག་ཡོད་དེ། ཁྲིམས་འཛིན་ནུས་པ་དེ་གནས་ཚུལ་གྱི་དགོས་མཁོ་དང་ཡོངས་སུ་མི་འཚམ་པ་དང། གྱོད་གཞི་ཁ་ཤས་ཁྲིམས་གཅོད་ཀྱི་སྤུས་ཚད་དང་ནུས་པ་མི་མཐོ་ཞིང། ཁྲིམས་གཅོད་ཀྱི་ཚད་གཞི་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་ཡོད་པ་དང་གཅིག       ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཐག་གཅོད་བྱ་རྒྱུ་དང་ལེན་བྱས་པའི་གྲངས་འབོར་བསྟུད་མར་འཕར་ཞིང། རྣམ་པ་གསར་བའི་གྱོད་གཞི་ཇེ་མང་དུ་འགྲོ་བ་དང། གྱོད་དོན་ཞིབ་གཅོད་བྱེད་པའི་གནོན་ཤུགས་དང་དཀའ་ཚད་ཇེ་ཆེ་ནས་ཇེ་ཆེར་གྱུར་བས་ཁྲིམས་དཔོན་ཁ་ཤས་ཀྱིས་ཡུན་རིང་ལ་ཚད་ལས་བརྒལ་བའི་བྱ་བ་བསྒྲུབ་དགོས་པ་དང་གཉིས། ཁྲིམས་ཁང་ཉུང་ཤས་ཤིག་གི་བྱ་བ་སྒྲུབ་མཁན་གྱི་ཁྲིམས་འཛིན་བྱ་སྤྱོད་དྲང་མོ་མིན་ཞིང། ལས་རིགས་སྤྱོད་ལམ་ཚུལ་ལྡན་མིན་པ། ཐ་ན་ཁྲིམས་དང་སྒྲིག་ལམ་ལས་ཀྱང་བརྒལ་འདུག་པ་དང་གསུམ། ཁྲིམས་འཛིན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཆ་འགྲིག་བྱེད་ཐབས་དུས་ལྟར་དུ་མི་འདོན་ཞིང། མ་ལག་རང་བཞིན་བཙན་པོ་མིན་པ་དང་བཞི། ཁྲིམས་ཁང་ཁ་ཤས་ཀྱི་ཁོངས་མི་བསྡུ་བར་དཀའ་ངལ་ཆེ་ཞིང། ལས་མི་འཛིན་རྒྱུ་དེ་ལས་ཀྱང་དཀའ་བས་མི་རིགས་ས་ཁུལ་གྱི་སྐད་གཉིས་འདྲི་གཅོད་འཇོན་མི་མི་འདང་བ་དང། སྐད་གཉིས་ཀྱིས་འདྲི་གཅོད་བྱ་རྒྱུ་ད་དུང་དོན་འཁྱོལ་བྱེད་མི་ཐུབ་པ་དང་ལྔ། དོ་བདག་པ་འགའ་ཞིག་གིས་དྲ་རྒྱར་བརྟེན་ནས་དམིགས་བསལ་གྱི་གྱོད་གཞི་འདྲི་གཅོད་བྱེད་པར་འཛེམ་བག་མེད་པར་གནོན་ཤུགས་སྤྲོད་ཅིང། ཐ་ན་ཁྲིམས་དཔོན་ལ་སྐུར་འདེབས་དང་འཇིགས་སྣང་སྐུལ་བ་དང་དྲུག་སོགས་སོ།། གནད་དོན་འདི་དག་ལ་ང་ཚོས་སྔར་ལས་ཆེ་བའི་ཆོད་སེམས་དང་ཡིད་ཆེས་ལ་བརྟེན་ནས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན།
           ཕྱིན་ཆད་ཀྱི་བྱ་བའི་བཀོད་སྒྲིག

    2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པར་མགོ་རྩོམ་པའི་ལོ་ཞིག་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ་གཅིག་དང། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང། “ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ལག་བསྟར་བྱེད་པར་གོང་མཐུད་འོག་འདྲེན་བྱེད་པའི་གནད་འགག་གི་ལོ་གཅིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱ་རྒྱུ་དེ་ཕྱིན་ཆད་ཀྱི་དུས་སྐབས་གཅིག་གི་ཆབ་སྲིད་ལས་འགན་ཨང་དང་པོར་བཞག་སྟེ། ཞི་ཅིན་ཕེང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང། “འབད་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་སྙོམས་དྲང་བདེན་ཡིན་པ་ཚོར་དུ་འཇུག་པའི”དམིགས་འབེན་ལ་དམ་དུ་དམིགས་ནས། དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་བའི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་འཕེལ་རྒྱས་གསར་བ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
          གཅིག ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱས་ཏེ་དུས་རབས་གསར་བའི་ཁྲིམས་ཁང་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་སྣེ་སྟོན་བྱ་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པ་ནན་ཏན་གྱིས་རྩ་འཛུགས་བྱས་ཏེ། བསླབས་ནས་ཤེས་པ་དང་ཤེས་ནས་བྱང་ཆུད་པ། བྱང་ཆུད་ནས་ལག་ལེན་དུ་བཏབ་པར་ཁག་ཐེག་བྱེད་པ་དང། ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རང་འགུལ་གྱིས་ཁྲིམས་ཁང་བྱ་བའི་བསམ་བློའི་དར་ཆ་དང་ལག་ལེན་གྱི་ཕྱོགས་སྟོན། གཞི་རྩའི་རྩ་དོན་དུ་བྱས་ནས་ཁྲིམས་ཁང་བྱ་བའི་ཕྱོགས་སོ་སོར་མཐར་ཕྱིན་བྱ་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པ་དང། “གཉིས་སློབ་གཅིག་བྱེད”ཀྱི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བ། “ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”གཙོ་གཞིའི་སློབ་གསོ་དང་ལས་ཀ་སོ་སོ་དམ་དུ་སྦྲེལ་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འཁྲུལ་མེད་ངང་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱ་རྒྱུ།
         གཉིས། འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་རབས་གསར་བའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་སྤེལ་བར་ཁྲིམས་འཛིན་འགན་སྲུང་མཁོ་སྤྲོད་བྱ་རྒྱུ། ཉེས་དོན་འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་བཟོས་པར་ཁྲིམས་ལྟར་ཉེས་ཆད་གཅོད་ཅིང། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་བཟོས་པར་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང། གོ་གནས་ཀྱི་ནག་ཉེས་བཟོས་པར་ཁྲིམས་ལྟར་ཉེས་ཆད་གཅོད་པ། ནག་ཚོགས་སྤྱོད་ངན་གྱི་སྟོབས་ཤུགས་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་འཇགས་ཤུགས་ཆེན་པོས་སྲུང་སྐྱོང་བཅས་བྱ་རྒྱུ། ངོམ་ཆུང་དང་གཟབ་ནན། ལྷག་བསམ། དྲང་བདེན་བཅས་ཀྱི་ཁྲིམས་འཛིན་འདུ་ཤེས་བརྟན་པོར་ཚུགས་པར་བྱས་ཏེ་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་དང། གན་རྒྱའི་རང་དབང་ལ་སྲུང་སྐྱོང། ཉོ་འཚོང་བདེ་འཇགས་འགན་སྲུང།དྲང་སྙོམས་འགྲན་རྩོད་ལ་སྐུལ་འདེད་བཅས་གཏོང་བ་དང། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རང་འགུལ་གྱིས་ཞབས་ཕྱི་བསྒྲུབ་རྒྱུ། དམངས་འཚོའི་གྱོད་གཞི་ལ་འདྲི་གཅོད་འོས་འཚམ་བྱས་ཏེ་ཁྲིམས་འཛིན་རོགས་སྐྱོབ་བྱ་བར་ཤུགས་སྣོན་བྱེད་པ་དང། མི་དམངས་མང་ཚོགས་ཀྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ། མི་གཞིའི་དབང་ཆ་དངོས་སུ་སྲུང་སྐྱོབ་བྱེད་པ་དང། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང། ཐོབ་སྣང། སྐྱིད་སྣང་ཇེ་མཐོར་གཏོང་རྒྱུ།
         གསུམ། ལག་བསྟར་བྱེད་དཀའ་བའི་བྱ་བ་ཕལ་ཆེར་ཐག་བཅད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྟོབས་ཅན་གྱི་འདེགས་སྐྱོར་མཁོ་སྤྲོད་བྱ་རྒྱུ། སྔར་བས་ཡིད་ཆེས་བརྟན་པོ་བཅངས་ནས་བྱ་བའི་འགན་འཁྲིའི་བསམ་པ་དང་ལས་འགན་གྱི་བསམ་པ་མཐོར་འདེགས་སུ་གཏོང་ཞིང། སྒྲིག་སྲོལ་རྐྱེན་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་མོས་ལག་བསྟར་བྱེད་པ་དང། ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་པའི་དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་བར་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁང་གིས་ཆེད་དོན་སྐོར་ཞིབ་ལག་བསྟར་ཁྲོད་མཐོང་བའི་གནད་དོན་ལ་གཞིགས་ནས་རྒྱུ་རྐྱེན་ལ་ནན་ཏན་གྱིས་དབྱེ་ཞིབ་བྱེད་པ་དང། ཁ་གཏད་རང་བཞིན་གྱི་ཐབས་ཇུས་གཏན་འབེབས་བྱེད་ལ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་ཅིང་ཐབས་ཇུས་རེ་རེ་བཞིན་དོན་འཁྱོལ་བྱས་ནས་བྱ་བའི་ཞན་ཆ་ཤུགས་ཆེན་པོས་ཁ་གསབ་བྱ་རྒྱུ། ལག་བསྟར་བྱ་བའི་བཙན་ཤེད་རང་བཞིན་སྔར་བས་འབུར་དུ་ཐོན་པར་བྱེད་ཅིང།ལག་བསྟར་བྱ་བའི་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང། ལག་བསྟར་བྱ་བའི་སྤུས་ཚད་དང་ལས་ཕྱོད་རིམ་བཞིན་ཇེ་མཐོར་གཏོང་ལ། “མཐོ་སྒང་གི་འདོད་བློ”ལག་བསྟར་འགག་སྒྲོལ་ཆེད་དོན་བྱེད་སྒོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་མ་ཟད། ལག་བསྟར་བྱ་བའི་བྱེད་ཐབས་ཐབས་ལམ་རིམ་བཞིན་གསར་གཏོད་བྱེད་པ་དང། ལག་བསྟར་དམིགས་སའི་འབྱོར་ཚད་མཐོར་འདེགས་སུ་གཏོང་ལ། དོ་བདག་པའི་ཞུ་གཏུག་ལ་རྒྱལ་ཁ་ལེན་པའི་ཁེ་དབང་ལ་དུས་ལྟར་སྲུང་སྐྱོང་བྱེད་པ་དང། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་རིམ་བཞིན་ཇེ་མཐོར་གཏོང་རྒྱུ་བཅས་སོ།།

བཞི། ཁྲིམས་འཛིན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་འདྲི་གཅོད་སྤུས་ཚད་དང་ལས་ཕྱོད། ཁྲིམས་འཛིན་ཐད་ཀུན་གྱི་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ།ཏང་གིས་བཅོས་བསྒྱུར་ལ་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང། “འཛེར་མ་འདེབས་པའི”སྙིང་སྟོབས་ལ་བརྟེན་ནས་བཅོས་བསྒྱུར་མཐའ་འཁྱོལ་བར་བྱ་རྒྱུ། ཁྲིམས་འཛིན་གྱི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པའི་བྱ་བ་ལེགས་འཛིན་བྱ་རྒྱུ། 《ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་དངོས་གཞི་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲིམས་འཛིན་གྱི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པའི་སྐོར་གྱི་བསམ་འཆར》ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། གྲངས་བཅད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། གྱོད་གཞི་ཐག་གཅོད་དཔུང་སྡེ་གསར་བ་འཛུགས་སྐྱོང་བྱེད་པ། ནང་འཛུགས་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་རྐྱེན་སྲོལ་གསར་བ་འཛུགས་པ། བྱས་འབྲས་དང་ལས་ཕྱོད་དཔྱད་ཞིབ་ལམ་ལུགས་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལྷུ་ཚིགས་སྟེང་ལ་འབད་འབུངས་བྱ་རྒྱུ།
          ཕྱོགས་བསྡུས་ཆ་འགྲིག་གི་བཅོས་བསྒྱུར་ལེགས་འཛིན་བྱ་རྒྱུ། “གྱོད་གཞི་མང་ཞིང་ལས་ཀ་སྒྲུབ་མཁན་ཉུང་བའི”འགལ་བ་མེད་པར་བཟོ་བ་དང་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བར་དམ་དུ་དམིགས་ཤིང། རྣམ་མང་གི་འདུམ་འགྲིག་དང་གཏུག་བཤེར་འདུམ་འགྲིག་སྦྲེལ་མཐུད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། འགལ་བ་དང་རྩོད་གཞི་གང་མང་ཞིག་གཏུག་བཤེར་མིན་པའི་བྱེད་ཐབས་ཀྱིས་ཐག་གཅོད་པར་ཁྲིད་སྟོན་བྱ་རྒྱུ། དམངས་དོན་གཏུག་བཤེར་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་འབད་པས་སྤེལ་ཞིང། ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང། ཁྲིམས་འཛིན་རམ་འདེགས་ལས་དོན་སྤྱི་ཚོགས་ཅན་དུ་སྒྱུར་བར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། སྔར་བས་དྲང་གཞག་ཡིན་པ་དང། སྔར་བས་ནུས་ཆེན་ཐོན་པ། སྔར་བས་དབང་གྲགས་ལྡན་པ་བྱ་དགོས།

ལྔ། ཤེས་རིག་གི་ཁྲིམས་ཁང་འཛུགས་སྐྲུན་ཤུགས་ཆེན་པོས་ཇེ་མགྱོགས་སུ་བཏང་ནས་དུས་རབས་གསར་བར་ཁྲིམས་ཁང་གི་བྱ་བ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ།
          
གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་བརྩོན་པས་བཀོལ་སྤྱོད་བྱས་ནས་དཀའ་གནད་ཐག་གཅོད་བྱེད་པ་མ་ཟད། དེང་རབས་ཚན་རྩལ་བེད་སྤྱད་དེ་སྔར་ལས་བཟང་བར་ཁྲིམས་དཔོན་གྱིས་གྱོད་གཞི་ཞིབ་གཅོད་བྱེད་པར་ཞབས་ཕྱི་བསྒྲུབ་པ་དང། ཁྲིམས་འཛིན་དོ་དམ་ལ་ཞབས་ཕྱི་བསྒྲུབ་པ།མི་དམངས་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ། བཀོད་སྒྲིག་བྱས་ཟིན་པའི་བཀོལ་སྤྱོད་མ་ལག་མཉེན་ཆས་རིགས9དང་རྣམ་པ37གྱི་བཀོལ་སྤྱོད་ལས་ཕྱོད་མཐོར་འདེགས་སུ་གཏོང་ཞིང། གློག་རྡུལ་ཡིག་ཁུག་གྱོད་གཞི་དང་མཉམ་འགྲོས་ཀྱིས་གྲུབ་ཅིང་གཏིང་ཟབ་མོས་བཀོལ་སྤྱོད་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང། གློག་རྡུལ་གཏུག་བཤེར་ལ་སྐུལ་སྤེལ་གཏོང་བར་ཧུར་གྱིས་བརྩོན་ནས། ཁྲིམས་རའི་འདྲི་གཅོད་ཀྱི་སྐད་གདངས་ངོས་འཛིན་དང། རྒྱ་བོད་སྐད་གཉིས་མ་ལག ཡིག་རིགས་རིག་ནུས་ནོར་བཅོས། ཁྲིམས་རའི་འདྲི་གཅོད་རང་འགུལ་སྐོར་ཞིབ་སོགས་ཀྱི་རིག་ནུས་བཀོལ་སྤྱོད་སྔར་བས་ཇེ་ཆེར་གཏོང་བ་དང། གཏུག་བཤེར་ཞབས་ཕྱི་ཚོམས་ཆེན་དང། ཆ་འཕྲིན་དོ་དམ་ལྟེ་གནས། ལག་བསྟར་བཀོད་འདོམས་ལྟེ་གནས། ཚན་རྩལ་ཁྲིམས་ར། གྲངས་འཛིན་ཅན་གྱི་ཚོགས་ཁང་སོགས་ཁྲིམས་འཛིན་གྱོད་གཞི་ཞིབ་གཅོད་བྱེད་སའི་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་རྣམ་མང་ཁྲིམས་འཛིན་དགོས་མཁོ་བསྐང་རྒྱུ།
         དྲུག དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་བླང་བྱ་གསར་བ་མཐར་ཕྱིན་བྱས་ཏེ་ཆབ་སྲིད་བརྟན་ཞིང་འཇོན་ཐང་ལྡན་པའི་མི་དམངས་ཁྲིམས་ཁང་གི་དཔུང་སྡེ་ཞིག་གསོ་སྐྱོང་བྱ་རྒྱུ། ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས་དངོས་གཞི་ཅན་དང་ཆེད་ལས་ཅན།ལས་རིགས་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་བྱ་རྒྱུ། ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་བྱེད་ཅིང་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་དཔུང་སྡེའི་གཞུང་དྲང་བློས་ཐུག་ལ་ཁག་ཐེག་བྱ་རྒྱུ། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང། ཆེད་ལས་སྙིང་སྟོབས་དང་ཆེད་ལས་བྱང་ཚད།ཆེད་ལས་ནུས་པ་བཅས་ལ་ཤུགས་སྣོན་བྱས་ནས་དུས་རབས་གསར་བའི་ཁྲིམས་འཛིན་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཁྲིམས་འཛིན་བྱ་བའི་ཆོས་ཉིད་དང་ཁྱད་ཆོས་གཞིར་བཟུང་ནས་སྲིད་གཙང་ཐད་ཉེན་ཁ་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་བཙུགས་ཐོག་འཐུས་ཚང་དུ་གཏོང་བ་དང། ཁྲིམས་འཛིན་དབང་ཆ་ལག་བསྟར་བྱེད་པའི་ལམ་ལུགས་ཀྱི་གཟེབ་མ་ཚགས་དམ་པོར་བསླ་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་ཐབས་འགའ་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱས་ནས་ཁྲིམས་འཛིན་དྲང་གཞག་དང་ནུས་ཆེ་སྤྱོད་གཙང་ཡིན་པར་ཁག་ཐེག་བྱ་རྒྱུ།

འཐུས་མི་རྣམ་པ། ང་ཚོས་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་ཁྱབ་བཀོད་འདོམས་བྱས་ཐོག ཞིང་ཆེན་ཏང་ཨུའི་མགོ་ཁྲིད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཛུབ་སྟོན་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་འོག ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང།འགག་སྒྲོལ་དཀའ་སེལ་དང་འགན་འཁྲི་གཙང་སྒྲུབ་བྱས་ནས“མཉམ་འགྲོས་གཅིག་དང་སྔར་བས་བཞིའི”དམིགས་འབེན་མངོན་འགྱུར་བྱེད་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་མཁོ་སྤྲོད་བྱེད་པ་དང། སྔར་བས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པར་འབད་འབུངས་བྱ་རྒྱུ་ཡིན།།