མཚོ་སྔོན་གྱི་ལས་ཁུངས་དྲུག་རྒྱལ་ཁབ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་གསར་སྐྲུན་གྱི་མིང་ཐོའི་ཁྲོད་ཚུད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ།  བཟོ་ལས་དང་ཆ་འཕྲིན་པུའུ།   ནོར་སྲིད་པུའུ་སོགས་ཀྱི་ལས་ཁུངས་བདུན།  རྒྱལ་ཁབ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་གསར་སྐྲུན་ཆོག་མཆན་ཐོབ་པའི་མིང་ཐོ་སྤྱི་བསྒྲགས་བྱས་ཏེ།  ཞིང་ཆེན་ཡོངས་ལ་དཔེ་སྟོན་གླིང་དུ་ཚུད་པའི་ལས་ཁུངས་བསྡོམས་པས148ཡོད་ལ་དེའི་ཁྲོད་རང་ཞིང་གི་ལས་ཁུངས6ཡོད།

རང་ཞིང་གི་ལས་ཁུངས་དྲུག་ནི་སོ་སོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དང་གཙང་གསུམ་སྡེ་ཚོགས་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་།  ནའོ་མུའུ་ཧོང་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་།   མཚོ་ཤར་གྲོང་ཁྱེར་“རྨ་ཆུ་སྔོན་མོ” ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་བཅས་རེད།

རྒྱལ་ཁབ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་དཔེ་སྟོན་གླིང་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱས་ཏེ། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་དཔེ་མཚོན་དང་སྟེགས་བུའི་སྒྲིག་གཞི་ཤུགས་ཆེན་པོས་གསར་སྐྲུན་བྱེད་པ།   དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་སྡེ་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་གཏོང་བ།  ཞིང་ལས་ཕན་འབྲས་ཇེ་མཐོར་འགྲོ་བ་དང་ཞིང་བའི་ཡོང་འབབ་ཇེ་མང་དུ་འགྲོ་བ།  ཞིང་སྡེའི་དར་རྒྱས་བཅས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།  

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་མཐུན་སྒྲིག་ཇེ་དྲག་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་པུའུ་ཨུ་བདུན་གྱི་བླང་བྱ་ལྟར།    དཔེ་སྟོན་གླིང་གསར་སྐྲུན་ལས་ཁུངས་སོ་སོས་གསར་སྐྲུན་ཇུས་གཞི་དག་བཅོས་དང་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱས་ཏེ།  གསར་སྐྲུན་ཁྱབ་ཁོངས་སྔར་ལས་གསལ་བོ་དང་འཕེལ་རྒྱས་བསམ་ཕྱོགས་དང་ཕན་ནུས་གཏན་འཁེལ་དག་ཐེར་གྱིས་ཐོན་ལས་མཉམ་འདྲེས་རྣམ་པ་གསར་སྐྲུན་བྱེད་དགོས།   ཁེ་ཕན་འབྲེལ་མཐུད་སྒྲིག་གཞི་འཐུས་ཚང་དང་ས་གནས་སྲིད་གཞུང་གི་ཁྲལ་དོན་ཉེན་ཁ་ནུས་ལྡན་གྱིས་སྔོན་འགོག་བྱེད་དགོས་པ་མ་ཟད་འཐུས་ཚང་དུ་བཏང་བའི་གསར་སྐྲུན་ཇུས་གཞི་རྣམ་གྲངས་སོ་སོའི་བྱ་བའི་ཁྲོད་གཟབ་ནན་གྱིས་སྐུལ་འདེད་བྱས་ཏེ།  དཔེ་སྟོན་གླིང་གསར་སྐྲུན་བྱེད་རྒྱུ་དེ་རང་ས་གནས་ཀྱི་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་མ་དཔེ་རུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་རེད།