དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་འདོན་ཀུང་སིས་གནས་སྤོ་གཞིས་ཁུལ་གྱི་དབུལ་བོ་༡༣༡ལ་བོད་ལུགས་ཁྱད་ལྡན་ལག་རྩལ་ཐད་ནས་ཟབ་སྦྱོང་བྱས་པ།

༢༠༡༨ལོའི་ཟླ༢པའི་ཚེས༤ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ཐོག  ཁྲི་ཀ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་གཙོ་འགན་འཁུར་ཞིང་། མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིས་འགན་སྒྲུབ་མཛད་པའི་ཙོང་ཁའི་ཚོ་བ། ཁྲི་ཀའི་དམངས་སྲོལ་ཡུལ་སྐོར་ཐོན་ལས་གླིང་གི་ཁྱད་ལྡན་ལག་རྩལ་ཟབ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཐར་ཕྱིན་མཛད་སྒོ་དེ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ལྟེ་གནས་བུ་བཅོལ་ཁང་ནས་བསྡུས། ཐེངས་འདིའི་ཟབ་སྦྱོང་ནི་༢༠༡༨ལོའི་ཟླ༡པའི་ཚེས༡༥ཉིན་ནས་ཟླ༢པའི་ཚེས༤ཉིན་བར་ཏེ་སྡོམ་པས་ཉིན་༢༠རིང་ལ་གཉེར་ཞིང་། སྡོམ་པས་སློབ་མ་༨༠ཟབ་སྦྱོང་ནང་ཞུགས་ཡོད་ལ། སློབ་མ་དེ་དག་ནི་ད་ལོར་ཟབ་སྦྱོང་དུ་མིང་ཐོ་འགོད་མཁན་སློབ་མ༡༢༠ལས་བསྡུས་པའི་སློབ་མ་རེད། 

མཛད་སྒོའི་ཐོག་ཁྲི་ཀ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྥན་ཡུང་ཕིང་དང་། རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་ཀའོ་ཧྥུ་ཞིན་གཉིས་ཞུགས་ཤིང་། མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་འགན་འཛིན་པ་སྐུ་ཞབས་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ནས་འགོ་འཛིན་བྱས། རྫོང་དཔོན་གཞོན་པ་ཧྥན་ཡུང་ཕིང་གིས་ཐེངས་འདིའི་ཟབ་སྦྱོང་གི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་མ་ཟད། ཁེ་ལས་དང་ཞིང་བའི་དུད་ཚང་། ཡུལ་སྐོར་གསུམ་ཟུང་སྦྲེལ་གྱི་གོང་སྤེལ་ལམ་བུ་ཐོག་དོན་གྲུབ་ཀུང་སིས་ཉམས་མྱོང་ཕྱོགས་བསྡུས་དང་མེད་པ་གསར་གཏོད་ཀྱི་ལམ་ནས་ལག་རྩལ་ཟབ་སྦྱོང་གི་ནང་དོན་དང་རྣམ་པ་སྣ་མང་དུ་བཏང་སྟེ། ཁྲི་ཀ་རྫོང་གི་དབུལ་སྐྱོར་ཐོན་ལས་གོང་སྤེལ་ལ་འཇོན་མིའི་རམ་འདེགས་བྱེད་དགོས་པ་དང་། གཉིས་ནས་དབུལ་སྐྱོར་ཅུས་ཀྱིས་དེ་ལ་ངོས་འཛིན་ཟབ་མོ་དང་བྱེད་ཐབས་དྲག་པོ་སྤྱད་དེ། ཟབ་སྦྱོང་གི་མ་དངུལ་དང་རྣམ་གྲངས་ཐད་ཐབས་ཇུས་བཟང་བོ་བཏོན་ཐོག  དབུལ་བོ་ངལ་རྩོལ་བའི་ཟབ་སྦྱོང་གི་དགོས་མཁོ་ལ་གཞིགས་ནས་ཁྲི་ཀ་རྫོང་གི་རྩལ་ནུས་ཟབ་སྦྱོང་དེ་ཁྱད་ཆོས་དང་ལྡན་པ་ཞིག་སྤེལ་བར་སྐུལ་སྤེལ་བྱེད་དགོས།   གསུམ་ནས་སློབ་མ་སོ་སོས་ཀྱང་སློབ་ཁྲིད་ཀྱི་གོ་བ་གཏིང་ཟབ་བླངས་ནས་ལག་རྩལ་ཁོང་དུ་ཆུད་པ་ཞིག་སྦྱངས་ཐོག རང་གཅེས་རང་ཚུགས་ཀྱི་སྒོ་ནས་རང་གི་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་དང་། ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་མཁན་ཞིག་ཏུ་ཡོང་བའི་རེ་བ་བཅིངས་ཡོད་ཅེས་བླང་བྱ་ཕྱོགས་གསུམ་ནས་བཏོན་པའི་ཁར། ༢༠༡༨ལོའི་ཁེ་ལས་དང་དབུལ་སྐྱོར། ཡུལ་སྐོར་གསུམ་ཟུང་སྦྲེལ་གྱི་ལམ་ཕྱོགས་ཐད་སློབ་སྟོན་གལ་ཆེན་བྱས། 

རྒྱུས་ལོན་པ་ལྟར་ན།      ཐེངས་འདིའི་སློབ་མ་༨༠ཡོངས་ནི་ཁྲང་དམར་གྲོང་རྡལ་གྱི་ར་ནག་སྡེ་བདུན་དུ་འབོད་པ་ལས་གཙོ་བོ་རྫོང་ཐོག་ཏུ་གནས་སྤར་བའི་ཁྱིམ་ཚང་དབུལ་བོའི་ཡིག་ཚགས་ཡོད་པའི་སློབ་མ་རྐྱང་རྐྱང་ཡིན་ཞིང་། དེ་ལས་ལོ་ན་ཆེ་ཤོས་ལོ༤༠ཙམ་དང་ཆུང་བ་ལོ་ན༡༨ཡིན་པ་དང་། སློབ་ཆེན་པ་ཡང་རེ་ཟུང་ཞུགས་ཡོད་པས་ལོ་ན་ཆེ་ཆུང་གི་ཚད་བཀག་དང་།  སློབ་གྲྭ་ཞུགས་ཡོད་མེད་ཀྱི་ཁྱད་པར། མི་རིགས་ཀྱི་ཁྱད་པར་སོགས་གང་ཡང་མེད་པར་གཙོ་ཆེ་ཁྱིམ་ཚང་དབུལ་བོ་དང་ཁྱིམ་ཚང་དཀའ་ངལ་ཅན་གྱིས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་རང་ཁ་རང་གསོ་ཐུབ་ཅིང་། ལས་ཞུགས་ཐག་གཅོད། ཡོང་འབབ་གཏན་འཇགས་ཡོང་ཐུབ་པ་བཅས་ཀྱི་ཕྱིར་དུ་ཕྱོགས་པའི་ཟབ་སྦྱོང་ཞིག་རེད།  


       ཐེངས་འདིའི་ཟབ་སྦྱོང་གི་གོང་རོལ་ཏེ། ༢༠༡༧ལོའི་ཟླ༡༢པའི་ཚེས༡ནས་ཚེས༣༠བར་གྱི་དུས་ཡུན་ཉིན༣༠རིང་ལ། རྡོ་བརྐོས་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་ཡང་ཀུང་སི་འདིས་གཉེར་ཡོད་པས། ཟབ་སྦྱོང་སྔ་ཕྱི་གཉིས་ལ་སྡོམ་པས་ཁྱད་ལྡན་ལག་རྩལ་ཅན་གྱི་སློབ་མ131སྐྱེད་སྲིང་བྱས་འདུག   དེ་བཞིན་དུ་སློབ་མ་རྣམས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བོད་རིགས་ཆེད་ལས་དགེ་རྒན་ཤ་སྟག་བཀོད་བསྒྲིགས་བྱས་ཡོད་པས། ལག་ལེན་གྱི་ནུས་པ་དང་། དགེ་རྒན་དང་སློབ་མ་ཕན་ཚུན་བར་འབྲེལ་འདྲིས། ཉམས་མྱོང་བརྗེ་རེས་བཅས་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། 

མཛད་སྒོའི་ཐོག་ཉིན་༢༠རིང་གི་མར་རྒྱན་ལག་ཤེས་ཟབ་སྦྱོང་ཁྲོད་སྦྱངས་འབྲས་ཁྱད་དུ་འཕགས་པའི་སློབ་མ་ཕུལ་བྱུང་ཅན་ལ་བྱ་དགའ་གནང་ནས་མུ་མཐུད་དུ་འབད་པ་ལྷོད་མེད་བྱེད་པར་ཡར་སྐུལ་བྱས། 

             ཐེངས་འདིའི་ཟབ་སྦྱོང་ལས་ཀའི་འགན་ལེན་པ་མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་འགན་འཛིན་པ། སྐུ་ཞབས་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ཀྱིས་གསར་འགོད་པར་འདི་སྐད།  “སྲིད་གཞུང་གི་མཛུབ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་ཁེ་ལས་དང་མཉམ་སྒྲུབ་ཁང་། ཁྱིམ་ཚང་དབུལ་བོ་བཅས“ཁེ་ལས+ཞིང་བའི་དུད་ཚང་།”གི་དབུལ་སྐྱོར་རྣམ་པ་བེད་སྤྱད་ནས་དབུལ་ཕོངས་སྡེ་བའི་ཐོན་ཁུངས་དང་ཚོང་ར་ཟུང་འབྲེལ་གྱི་ལམ་ཁ་གསར་བ་ཞིག་བཏོད་ཡོད། འདི་ལྟར་བྱས་ན་ལས་གཞི་དང་གནས་བབས་ལ་བརྟེན་ནས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཕྱུག་འགྱུར་ལམ་དུ་འཁྲིད་ཐུབ་པ་མ་ཟད། དབུལ་སྐྱོར་དུ་ཞུགས་པའི་ཁེ་ལས་སྣ་ཚོགས་ཀྱིས་ཚོང་རའི་གདམ་གར་གཞིགས་ཏེ་ལས་གཞི་གདམ་གསེས་དང་ཡོང་འབབ་ཇེ་མཐོར་གཏོང་ཐུབ་ལ། ལས་སྒོ་ཡང་རྒྱ་བསྐྱེད་ཐུབ། ངེད་ཀུང་སིས་དུས་ཡུན་རིང་བོའི་ནང་ནུས་ཤུགས་ཡོད་དགུ་བཏོན་ནས། ཁྱད་ཆོས་ལྡན་པའི་ལག་རྩལ་ཟབ་སྦྱོང་ཐབས་ཚུལ་སྔོག་འདོན་དང་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་པས་ན། དབུལ་སྐྱོར་ཟབ་སྦྱོང་དང་ལས་ཞུགས། ཁྲོམ་རའི་ཚོང་གཉེར་བཅས་གཅིག་གྱུར་བྱས་ཏེ་འཆར་གཞི་ལྡན་པའི་ངང་དུས་ཡུན་འབྲིང་ཐུང་གི་གཙོ་གནད་ཟབ་སྦྱོང་འདི་བཞིན་སྤེལ་བ་ཡིན་ཟེར།

                ཁོང་གིས་ཐེངས་འདིའི་ཟབ་སྦྱོང་གི་ཁྱད་ཆོས་སྐོར་བརྗོད་སྐབས་འདི་སྐད།  ང་ཚོའི་ཟབ་སྦྱོང་གི་ཁྱད་ཆོས་ནི། “དུས་ཡུན་ཐུང་ལ། མྱུར་ཚད་མགྱོགས་པ། ལག་རྩལ་འབྱོར་བ”བཅས་དམིགས་ཡུལ་དུ་བཟུང་ཏེ། རིག་གནས་ཐོན་ལས་ཀྱི་ཁྱད་ཆོས་དང་ས་གནས་དངོས་ཡོད་གནས་ཚུལ་ལ་འཚམ་པའི“རང་བརྟེན་རྣམ་པའི”དབུལ་སྐྱོར་གྱི་ཐབས་ཚུལ་རང་སའི་དངོས་ཚུལ་དང་འཚམ་པའི་བགྲོད་ལམ་ཞིག་འཛུགས་རྒྱུ་དེ་ཡིན། 

སློབ་མའི་བརྩམས་ཆོས་ཡག་ཤོས།
              འབྱུང་འགྱུར་གྱི་འཆར་གཞི་བརྗོད་དུས་འདི་སྐད།  ང་ཚོས་རང་གི་ནུས་ཚོད་ཀྱིས་ཙོང་ཁའི་ཚོ་བ་རིག་གནས་ལྗོངས་རྒྱུ་ཐོན་ལས་གླིང་ནས“མཚོ་ལྷོ་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་ཟབ་སྦྱོང+གསར་སྤེལ་ལྟེ་བ་དང་ཐོན་ལས་གནས་གཞིའི་ས་ཁུལ”བཙུགས་ཏེ། སྲིད་གཞུང་གི་ཟབ་སྦྱོང་ཐོན་ཁུངས་བརྩོན་ལེན་བྱས་ནས། ཐོན་ལས་གླིང་ནས"ཆར་ཟིམ་འཆར་གཞི"དང"ཉི་འོད་འཆར་གཞི།" "བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པའི་འཆར་གཞི་"སོགས་གནད་འཁེལ་དབུལ་སྐྱོར་ཟབ་སྦྱོང་ལས་གཞི་སྐོར་ཞིག་ཀྱང་གོང་གི་བཟོ་རིགས་ལག་རྩལ་དེ་ཚོ་དང་སྦྱར་ནས་ལག་བསྟར་བྱ་འཆར་ཡོད། དེའི་ནང་འཚོ་བར་དཀའ་ངལ་ཡོད་པའི་མི་འབོར1000ལ་ལག་རྩལ་ཟབ་སྦྱོང་བྱེད་པའི་འཆར་གཞི་བཙུགས་ནས། དབུལ་ཕོངས་མང་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་བཟོ་རྩལ་ཐོན་རྫས་དག་ལོ་ལྔའི་ནང་ཚུན་དུ་ཚུར་བསྡུ་དང་ཕྱིར་འཚོང་བྱེད་པར་འགན་ལེན། དེ་དང་དུས་མཚུངས་སུ་ཙོང་ཁའི་ཚོ་བ་འཛུགས་བསྐྲུན་གྲུབ་རྗེས་ཚོང་གཉེར་དོ་དམ་གྱི་དགོས་མཁོར་གཞིགས་ནས། དོ་དམ་པ་དང་གསར་གཏོད་པ། ཞབས་ཞུ་བ་དང་མང་ཚོགས་འཁྲབ་སྟོན་པ་བཅས་མི་གྲངས600ལྷག་ཅིག་ལ་ལས་གནས་བཀོད་སྒྲིག་བྱ་འཆར་ཡོད་ཟེར།           



              རྒྱུས་ལོན་པ་ལྟར་ན།  2018ལོའི་ཟླ༤བའི་ཟླ་མཇུག་ལ། མཚོ་ལྷོ་ཁུལ་གྱི་ཆབ་ཆ་གྲོང་བརྡལ་དང་ཁྲི་ཀའི་རྨ་སྲིབ་གྲོང་བརྡལ་གཉིས་ནས་ལག་རྩལ་ཟབ་སྦྱོང་གྲུབ་འབྲས་འགྲེམ་སྟོན་གྱི་བྱེད་སྒོ་ཞིག་ཁྲི་ཀའི་ལི་སྡོང་མེ་ཏོག་དུས་ཆེན་ཐོག་སྤེལ་ནས། ཕུལ་བྱུང་བརྩམས་ཆོས་ལ་དེར་འཚམ་གྱི་བྱ་དགའི་དངུལ་དང་གཟི་བརྗིད་དཔངས་རྟགས་ཀྱང་གནང་འཆར་ཡོད་པ་རེད། 



གསར་འགོད་པ། ཁོན་ཐར་འཚོ།