སྤྱི་ཕན་ཞབས་འདེབས་རོགས་སྐྱོར་དང་སྡེ་བའི་ཁེ་ལས་ཟུང་འབྲེལ་གྱིས་བརྩེ་སེམས་ཁེ་ལས་ཀྱི་གནད་འཁེལ་དབུལ་སྐྱོར་ལས་འགུལ་སྤེལ་བ།

དབུལ་ཕོངས་ཁྱིམ་ཚང་དག་གིས་རོགས་སྒྲུབ་མ་དངུལ་ལེན་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས2ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བརྩེ་སེམས་སྤྱི་ཕན་ཐེབས་རྩ་ཚོགས་པས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྒྲུབ་བྱ་བ་གནང་བའི་ཚོགས་འདུ་དེ་སྟོང་སྐོར་རྫོང་དུ་སྤེལ་བ་དང་བྱ་འགུལ་དེའི་སྟེང་སྟོང་སྐོར་རྫོང་གི་སྡེ་བ18ནས་ཐོན་པའི་དཀའ་ཁག་ཆེ་བའི་མང་ཚོགས་མི་གྲངས60ལྷག་ཡོད་ལ། མི་རེར་རོགས་སྒྲུབ་མ་དངུལ་སྒོར2000རེ་གནང་ནས་གནད་འཁེལ་དབུལ་སྐྱོར་བྱ་འགུལ་དེས་སྡེ་བ་དང་ཁེ་ལས་ཟུང་འབྲེལ་གྱི་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ།

བྱམས་བརྩེ་ཐེབས་རྩ་ཚོགས་པས་དྭ་ཕྲུག་ལ་རོགས་རམ་བྱེད་པ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པ། རྒན་པ་ལ་རོགས་རམ་བྱེད་པ། དཀའ་ཁག་ཅན་ལ་རོགས་རམ་བྱེད་པ། སློབ་དངུལ་ཐད་རོགས་རམ་བྱེད་པ། སྨན་རིན་ཐད་རོགས་རམ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཆེད་དུ་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རོགས་སྒྲུབ་བྱ་བ་ལེགས་པོར་སྒྲུབ་པ་རེད། རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ཐེངས་འདིར་སྟོང་སྐོར་རྫོང་དུ་གནང་བའི་སྤྱི་ཕན་རོགས་སྒྲུབ་མ་དངུལ་ཡོད་ཚད་ནི་མཚོ་སྔོན་ཧྥུ་དབྱིན་སྡེ་ཚོགས་ཀྱིས་ཞལ་འདེབས་རོགས་སྒྲུབ་དུ་གནང་བ་ཡིན་ལ། ཕྱིར་གཏོང་བྱ་འགུལ་མཇུག་རྫོགས་རྗེས་ཧྥུ་དབྱིན་སྡེ་ཚོགས་མ་རྐང་ཚོད་འཛིན་མཚོ་སྔོན་དར་རྒྱས་ཡིད་རྟོན་དངུལ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས7དང་སྟོང་སྐོར་རྫོང་ཧྲང་ནོའུ་སྨན་རྫས་སོགས་ཀྱིས་དབུལ་ཕོངས་སྡེ་བ10ཡི་བར་གྲོས་མཐུན་གན་རྒྱ་བཞག་པ་དང་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་རམ་བྱེད་པ་དང་ཁེ་ལས་བརྒྱ་སྡེ་བ་བརྒྱ་ལ་སྦྲེལ་བའི་གནད་འཁེལ་དབུལ་སྐྱོར་བྱ་འགུལ་གྱིས་སྡེ་བ་དང་ཁེ་ལས་ཟུང་འབྲེལ་གྱི་གྲོས་མཐུན་གན་རྒྱ་བཞག་པ་རེད།

གནད་འཁེལ་དབུལ་སྐྱོར་བྱ་འགུལ་གྱིས་སྡེ་བ་དང་ཁེ་ལས་ཟུང་འབྲེལ་གྱི་གན་རྒྱ་འཇོག་པའི་མཛད་སྒོ།

ཞིང་ཆེན་ཡོངས་ཀྱིས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་རམ་དང་ཁེ་ལས་བརྒྱ་སྡེ་བ་བརྒྱ་ལ་སྦྲེལ་བའི་གནད་འཁེལ་དབུལ་སྐྱོར་གྱི་བྱ་འགུལ་སྒོ་འབྱེད་བྱས་པ་ནས་བཟུང་། འབྲེལ་ཡོད་ལས་ཁུངས་དག་གིས་གདེང་འཇོག་ཚད་མཐོན་པོ་དང་དམངས་གཉེར་ཁེ་ལས་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱས་པ་རེད། ཞིང་ཆེན་བཟོ་ཚོང་ཟུང་འབྲེལ་གྱི་མཛུབ་སྟོན་འོག་མཚོ་སྔོན་ཧྥུ་དབྱིན་སྡེ་ཚོགས་ཀྱི་སྐུལ་སློང་འོག་མཚོ་སྔོན་དར་རྒྱས་ཡིད་རྟོན་དངུལ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་སྟོང་སྐོར་རྫོང་ཏ་ཧྭ་གྲོང་བརྡལ་ཞིན་ཧྲིན་སྡེ་བ་དང་ཉི་ཟླ་ཤང་ཀ་ཀྲོང་སྡེ་བར་གྲོས་མཐུན་གན་རྒྱ་བཞག་རྗེས་ཕྱོགས་གཅིག་ནས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་དོ་ཁུར་བྱས་ནས་ཁོ་ཚོར་སྤྱི་ཕན་ཞལ་འདེབས་མ་དངུལ་གནང་བ་རེད། ཡང་ཕྱོགས་གཞན་ཞིག་ནས་སྡེ་བའི་ནང་གི་གསོ་སྤེལ་མཉམ་ལས་ཁང་གི་ཚོང་གཉེར་གྱི་དོན་དངོས་ལ་རྒྱུས་ལོན་བྱས་ཤིང་། མཉམ་ལས་ཁང་དེས་ནོར་ལུག་གི་ཤ་ཉོ་འཚོང་བྱེད་པའི་རྣམ་པ་བེད་སྤྱད་ནས་ཐོན་ལས་མཉམ་ལས་སྤེལ་བ་རེད།

བྱ་འགུལ་ཁྲོད་ཧྥུ་དབྱིན་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་ལག་བསྟར་བ་ལིའང་ཆིན་ཐའོ་ཡིས་བསྟན་དོན། ཁེ་ལས་འཕེལ་རྒྱས་སུ་སོང་བ་ནི་ཏང་གི་སྲིད་ཇུས་ལེགས་པོ་ལས་བྱུང་བ་ཡིན་ལ། ཁེ་ལས་དེ་འཕེལ་རྒྱས་སུ་སོང་བ་དང་དུས་མཉམ་པོར་སྤྱི་ཚོགས་ཀྱི་འགན་འཁྲི་འགན་ལེན་གྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་ཡིན་ཟེར།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ཧྥུ་དབྱིན་སྡེ་ཚོགས་ཀྱིས་མཚོ་བོད་མཐོ་སྒང་གི་ས་བབ་ཁྱད་ལྡན་ཐོན་རྫས་གཅིག་བསྡུས་ར་བ་དེ་སྟེགས་བུ་རུ་བཟུང་ནས་གནས་བབ་ལེགས་པོ་བེད་སྤྱད་ནས་ཐོན་ལས་ཆེན་པོའི་རོགས་འདེགས་ཀྱི་ཚད་གཞི་ལ་ཤུགས་སྣོན་དང་སློབ་གསོ་ལ་ཤུགས་སྣོན། ལས་ཞུགས་ལ་ཤུགས་སྣོན་བཅས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཧུར་ཐག་གིས་གནད་འཁེལ་དབུལ་སྐྱོར་གྱི་བྱ་འགུལ་སྤེལ་བ་རེད། མཚོ་བོད་མཐོ་སྒང་ནས་ཐོན་པའི་ཁྱད་ལྡན་ཐོན་ལས་གཅིག་བསྡུས་ར་བ་དེ་སྟོང་སྐོར་རྫོང་ཏ་ཧྭ་གྲོང་བརྡལ་དུ་ཡོད་ལ། ར་བ་དེ་ཚོང་གཉེར་བྱས་པ་ནས་བཟུང་གཅིག་བསྡུས་རང་བཞིན་གྱི་ཁེ་ལས་བརྒྱ་ཕྲག་ལྷག་གི་ཞིང་ཕྱུགས་ལས་ཐོན་ལས་དང་ཉོ་འཚོང་། ཁེ་ལས་འཁོར་རྒྱུགས་བཅས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་མཉམ་ལས་ཁང་བརྒྱ་ཕྲག་ལྷག་ལ་སྣེ་ཁྲིད་ནས་འདེབས་འཛུགས་གསོ་སྤེལ་རྟེན་གཞི་བཙུགས་པ་དང་ཉེ་འཁོར་གྱི་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་དུ་བཅུག་ནས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་རེད།

དབུལ་ཕོངས་ཁྱིམ་ཚང་དག་གིས་རོགས་སྐྱོར་མ་དངུལ་ལེན་བཞིན་པ།

བྱ་འགུལ་གྱི་ཡུལ་དངོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།