མཚོ་སྔོན་གྱི་ཁེ་ལས་གྲགས་ཅན་བརྒྱ་ཡིས་ཆེས་ཐོག་མར་ལོ་སར་གྱི་ཚོང་རྫས་གཅིག་བསྡུས་སྒོས་ཕྱིར་འཚོང་བྱེད་འགོ་བརྩམས་པ།

ལོ་སར་གྱི་དངོས་ཟོག་གཅིག་བསྡུས་ཀྱིས་ཕྱིར་འཚོང་བྱེད་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར་གྲོང་ཁྱེར་སྡོད་དམངས་ལ་ལོ་སར་གྱི་དངོས་ཟོག་ཉོ་བསྡུ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་ལོ་སར་སྐབས་ཀྱི་ཚོང་རྫས་མཁོ་སྤྲོད་དེ་ཕུན་སུམ་ཚོགས་པར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཞིན་ཧྭ་པར་སྐྲུན་ཁང་མཚོ་སྔོན་ཡན་ལག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་སྔོན་གྱི་ཁེ་ལས་གྲགས་ཅན་བརྒྱ་ཡིས་ཆེས་ཐོག་མར་ལོ་སར་གྱི་ཚོང་རྫས་གཅིག་བསྡུས་སྒོས་ཕྱིར་འཚོང་བྱེད་པའི་བྱ་འགུལ་དེ་ཟླ2ཚེས2ཉིན་དངོས་སུ་སྒོ་འབྱེད་བྱས་པ་རེད། རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། 2018ལོའི་མཚོ་སྔོན་གྱི་སྐབས་དང་པོའི་ཁེ་ལས་གྲགས་ཅན་བརྒྱ་ཡི་གློག་རྡུལ་ཚོང་དོན་ཐད་ཀྱི་ལོ་སར་ཚོང་རྫས་གཅིག་བསྡུས་ཀྱིས་ཕྱིར་འཚོང་བྱེད་པའི་བྱ་འགུལ་དེ་ཟླ2པའི་ཚེས2ཉིན་ནས་ཚེས11ཉིན་བར་མུ་མཐུད་དུ་རྒྱུན་བསྲིངས་བྱེད་རྒྱུ་ཡིན་ཞིང་དུས་ཡུན་ཉིན10ཡིན། མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཚོམས་ཆེན་ག་བའི་ནང་ངོས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ10000ཡོད་ལ། དེའི་ནང་རིན་མེད་འགྲེམས་སྟོན་བྱེད་ཡུལ་མི་འདྲ་བ172བཀོད་སྒྲིག་བྱས་ནས་ཆེད་དུ་ཆང་དང་ཇ་ལོ་གྲགས་ཅན་འགྲེམས་སྟོན་བྱེད་ཡུལ་དང་། ཤ་ཡི་ལས་སྣོན་ཐོན་རྫས། དེ་མིན་ཟས་རིགས་འདྲ་མིན་འགྲེམས་སྟོན་བྱེད་ས། བཟའ་ཆས་གྲགས་ཅན་འགྲེམས་སྟོན་བྱེད་ས་དང་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱེད་ས་སོགས་ཡོད།    

མི་དམངས་ཀྱིས་འདེམས་ཉོ་བྱེད་བཞིན་པའི་ཤ་བཟོས་ཐོན་རྫས་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་ནས་ནང་ལོགས་སོགས་སུ་ཁྱབ་ཡོད། གནས་འདིའི་ས་ཁམས་མི་ཆོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་འདེབས་འཛུགས་གསོ་སྤེལ་ཐད་ལ་རྨང་གཞི་དང་ཆ་རྐྱེན་ཧ་ཅང་འཛོམས་པས། གཙང་གསུམ་འགོ་ཁུངས་ནས་ཐོན་པའི་ནོར་ལུག་གི་ཤ་དང་འོ་བཟོས་ཐོན་རྫས། ཚྭ་འདམ་གཞོང་ས་ནས་ཐོན་པའི་འཕང་འབྲས། མཚོ་སྔོན་པོའི་མཐའ་འཁོར་སྐྱེ་ཁམས་ཤ་བཟོས་ཐོན་རྫས། ཆུ་འཁྱག་ནང་གི་སྤུས་ལེགས་ཉ་ཤ་དང་སྡིག་སྲིན། ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་རྫས་དང་ནས་ཆང་སོགས་ཁྲོམ་རའི་ནང་མཚན་དང་སྙན་གྲགས་ཅན་གྱི་མཚོ་སྔོན་ཁྱད་ཐོན་ཐོན་རྫས་དེ་ཞིང་ཆེན་ཧྲིལ་བོ་ནས་རྒྱལ་ཡོངས་ཀྱི་ཕྱིར་འཚོང་ཁྲོམ་ར་ཐད་ལ་ཡང་མཚན་སྙན་ཕུན་སུམ་ཚོགས་པ་ལྡན་པ་མ་ཟད། ཁྲོམ་ར་རྒྱ་བསྐྱེད་དང་འཛད་སྤྱོད་པའི་ཉོ་འཚོང་ཐད་ལ་ཡང་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོར་ཡོངས་ཁྱབ་དུ་དྲ་རྒྱ་དང་གློག་རྡུལ་ཚོང་དོན་འཁོར་རྒྱུགས་བྱས་པ་དང་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་དེ་ཡང་རིམ་བཞིན་དར་རྒྱས་སུ་སོང་བས། དེ་ནི་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་གྱུར་བ་དང་ཞིང་བ་དག་གིས་འཛམ་གླིང་ལ་རྒྱང་ལྟ་བྱེད་སའི་སྒེའུ་ཁུང་གསར་བ་ཞིག་ཏུ་ཡང་འགྱུར་འགོ་ཚུགས། ཐེངས་འདིའི་ལོ་སར་གྱི་ཚོང་རྫས་གཅིག་བསྡུས་ཀྱིས་ཕྱིར་འཚོང་བྱེད་པའི་གོ་སྐབས་འདིར་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་ཆེད་དུ་ཞིང་སྡེའི་གློག་རྡུལ་ཚོང་དོན་འགྲེམས་སྟོན་དུ་འགྲེམས་སྟོན་བྱས་པ་བརྒྱུད་མི་མང་པོ་ཞིག་གིས་སྔར་ལས་ངོས་འཛིན་བྱུང་བ་དང་མི་དམངས་མང་ཚོགས་ཀྱིས་ཞིང་ནང་ནས་ཐོན་སྐྱེད་བྱས་པའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ།

ཟླ2ཚེས3ཉིན། མི་རྣམས་ཀྱིས་ལོ་སར་གྱི་ཚོང་རྫས་འདེམས་ཉོ་བྱེད་བཞིན་པ།  

ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཞིས་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱི་སྐབས་དང་པོའི་ཁེ་ལས་གྲགས་ཅན་བརྒྱ་ཡི་གློག་རྡུལ་ཚོང་དོན་ལོ་སར་ཚོང་རྫས་གཅིག་བསྡུས་ཀྱིས་ཕྱིར་འཚོང་བྱེད་པའི་གསར་གཏོད་རང་བཞིན་ལ་འདི་ཙམ་གྱིས་མི་ཚད་པར། སང་ལོའི་ལོ་སར་ཚོང་རྫས་གཅིག་བསྡུས་ཀྱི་ཕྱིར་འཚོང་ཐད་ད་རུང་གསར་གཏོད་རང་བཞིན་གྱི་ཐད་ལ་སྲིད་གཞུང་གིས་མཛུབ་སྟོན་ནན་མོ་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ཁེ་ལས་ཀྱི་ལས་སྣོན། ཕྱོགས་མང་པོའི་ཐད་ཀྱི་ཐོན་ཁུངས་ཀྱི་རྣམ་གཞག་གསར་བ་བཅས་བེད་སྤྱོད་ཀྱིས་ཁྲོམ་ར་ཅན་གྱི་ཚོང་རྫས་འཁོར་སྐྱོད་ཀྱི་གསར་གཏོད་བཅོས་སྒྱུར་དེ་མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད། དུས་མཉམ་དུ་ཚོང་རྫས་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱེད་པའི་ཁྲོད་ཉོ་འཚོང་ཐད་མཐུད་སྦྲེལ་གྱིས་ཕྱོགས་མང་པོའི་ཐད་ཀྱི་ཚོང་བ་མགྲོན་འབོད་བྱས་ཏེ། ཉོ་འཚོང་བྱེད་མཁན་དང་ཚོང་རྫས་འགྲེམས་སྟོན་མཁན་གཉིས་ཀྱི་བར་ལ་བཞུགས་མོལ་བསམ་བློ་བརྗེ་རེས་དང་ཤུགས་གང་ཡོད་སྒོས་གློག་རྡུལ་ཚོང་དོན་གྱི་ཐོན་རྫས་དེ་དྲ་ལམ་སྟེགས་བུ་བརྒྱུད་ཕྱིར་འཚོང་ཐུབ་པ། རྣམ་གྲངས་དྲ་རྒྱའི་སྟེགས་བུར་སྦྲེལ་བ་དང་བསམ་བློ་བརྗེ་རེས་བྱེད་པའི་མཉམ་འབྲེལ་གྱི་སྟེགས་བུ་བསྐྲུན་པ། ཤུགས་གང་ཡོད་སྒོས་མཐོ་སྒང་གི་སྐྱེ་ཁམས་ཞིང་ལས་ཐོན་རྫས་གྲགས་ཅན་ཉོ་བསྡུ་དང་ཕྱིར་འཚོང་བྱེད་པའི་སྟེགས་བུ་ཞིག་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར། ཝང་ཞིས་པིན་གྱིས་མུ་མཐུད་དུ་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་ལོ་སར་གྱི་ཚོང་རྫས་གཅིག་བསྡུས་སྒོས་ཕྱིར་འཚོང་བྱེད་པ་བརྒྱུད་དྲ་ལམ་དང་ཚོང་ལམ་གང་ཐད་ལ་སྟོབས་ཤུགས་འདོན་པ་མངོན་འགྱུར་བྱས་ཤིང་། གཅིག་བསྡུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་གློག་རྡུལ་ཚོང་དོན་གྱི་ཁྱད་ལྡན་ཐོན་རྫས་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་ཤིང་། གྲོང་ཁྱེར་གྱི་མི་དམངས་ལ་མཚོ་སྔོན་ས་ཆའི་ཁྱད་ཆོས་ལྡན་པའི་ལོ་སར་གྱི་ཚོང་རྫས་ཉོ་བསྡུ་བྱེད་པའི་ཁོར་ཡུག་ལེགས་པོ་ཤིག་བསྐྲུན་པ་མ་ཟད། གློག་རྡུལ་ཚོང་དོན་དེ་ཁྲོམ་ར་རུ་ཡང་དག་པའི་སྒོ་ནས་རྒྱ་བསྐྱེད་པ་དང་འཛད་སྤྱོད་ཀྱི་ཐད་ལ་ཡང་ཧུར་ཐག་གི་བྱེད་ནུས་ངེས་ཅན་ཐོན་ཐུབ་པར་སྐུལ་འདེད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།