རང་ཞིང་གིས་རྒྱལ་ཁབ་རིམ་པའི་ཆུ་བེད་བཟོ་སྐྲུན་རྣམ་གྲངས་ཁྲོད་ཚུད་པའི་རྣམ་གྲངས་དག་ལས་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཤམ་བསྒྲགས་བྱས་པའི་རང་ཞིང་གི་ཆུ་བེད་བཟོ་སྐྲུན་གལ་ཆེན་ལ་ཀྲུང་དབྱང་གིས་ཚོད་དཔག་མ་དངུལ་སྒོར་དུང་ཕྱུར9.45གཏོང་རྒྱུ་ཡིན་ལ། རང་ཞིང་གི་པ་དབྱིན་ཆུ་བོའི་འགག་ཕྲེང་གི་ཆུ་བེད་འགག་རྩ་དང་ན་ལེན་ཀུ་ལུ་གཙང་བོའི་ཆུ་བེད་འགག་རྩ། ཙོང་ཆུའི་བྱང་རྒྱུད་ཀྱི་ཡུར་ལམ་དབུལ་སྐྱོར་ཡུར་ཆུའི་དུས་རིམ་གཉིས་པ། ཙོང་ཆུའི་ནུབ་རྒྱུད་ཀྱི་ཡུར་བ་སོགས་རྒྱལ་ཁབ་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་དག་འཛུགས་བསྐྲུན་བྱེད་རྒྱུ་ཡིན་པ་རེད། དེ་ལས་གཞན་རང་ཞིང་གི་རྒྱལ་ཁབ་རིམ་པའི་ཆུ་བེད་བཟོ་སྐྲུན་ཁྲོད་ཚུད་པའི་རྣམ་གྲངས172ཡོངས་རྫོགས་འཛུགས་བསྐྲུན་ལས་འགོ་རྩོམ་རྒྱུ་ཡིན་ལ། དེས་རང་ཞིང་གི་ཆུ་བེད་བཟོ་སྐྲུན་གསར་འཛུགས་བྱ་བ་དེ་མཐོ་རླབས་གསར་བ་ཞིག་ལ་སླེབས་པ་ཡང་མཚོན་པར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཆུ་བེད་བཟོ་སྐྲུན་གལ་ཆེན་འདི་དག་ལག་བསྟར་བྱས་པས་དངུལ་གཏོང་ཐད་ཀྱི་ཕན་འབྲས་འཕར་སྣོན་བྱུང་བ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། དཔལ་འབྱོར་བརྟན་འཇགས་ཀྱི་འཕར་སྣོན་ལ་སྐུལ་འདེད་བྱས་ཡོད། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ཞིང་ལས་ཀྱི་ལས་ཀའི་རྨང་གཞི་དང་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་ཐོབ་ནས། ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་མཐོར་འདེགས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར། དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་གཅིག་བསྡུས་ལ་སྐུལ་འདེད། ཁྱབ་ཁོངས་ཀྱི་སྙོམས་སྒྲིག་འཕེལ་རྒྱས་བྱ་བར་སྐུལ་འདེད་བཅས་བྱས་ཡོད།

པ་དབྱིན་ཆུ་བོའི་གཅིག་བསྡུས་ཆུ་བེད་འགག་རྩ་ནི་མཚོ་ནུབ་ཁུལ་གྱིས་མིག་སྔར་མ་རྩ་བཏང་བ་ཆེས་ཆེ་བའི་ཆུ་བེད་བཟོ་སྐྲུན་གྱི་རྣམ་གྲངས་ཤིག་སྟེ། བཟོ་སྐྲུན་འཛུགས་བསྐྲུན་དེས་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཆུའི་ཐོན་ཁུངས་ཀྱི་ནུས་པ་འགན་སྲུང་བྱས་ཡོད་ལ། པ་དབྱིན་ཆུ་བོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར་དང་ཁྱབ་ཁོངས་སྙོམས་སྒྲིག་འཕེལ་རྒྱས་ཐད་ལ་སྐུལ་འདེད་བྱས་པ་སོགས་བྱེད་ནུས་གལ་ཆེན་ཐོན་ཡོད། ན་ལེན་ཀུ་ལུ་གཙང་བོའི་ཆུ་བེད་འགག་རྩའི་བཟོ་སྐྲུན་དེ་ན་གོར་མོ་གྲོང་ཁྱེར་དུ་ཡོད་ལ། མཚོ་ནུབ་ཁུལ་གྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་ཆུ་བེད་བཟོ་སྐྲུན་ཤིག་ཡིན། རྣམ་གྲངས་འཛུགས་བསྐྲུན་དེས་ཁྱབ་ཁོངས་ཀྱི་ཆུའི་ཐོན་ཁུངས་ལེགས་བསྒྱུར་གྱི་སྡེབ་སྟངས་ལ་སྐུལ་འདེད་བྱས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་སྐྱོད་ལ་སྐུལ་འདེད་བྱེད་པ་སོགས་དོན་སྙིང་གལ་ཆེན་ལྡན།ཙོང་ཆུའི་བྱང་རྒྱུད་ཀྱི་དབུལ་སྐྱོར་ཡུར་ལམ་དུས་རིམ་གཉིས་པ་དེས་ཙོང་ཆུའི་ནུབ་རྒྱུད་ཀྱི་ཡུར་ལམ་དེ་བསྐྲུན་ཡོད་ལ་རང་ཞིང་གི་ཆུ་བེད་བཟོ་སྐྲུན་ཐད་ཀྱི་རྣམ་གྲངས་གལ་ཆེན་གཉིས་ཡིན།ཙོང་ཆུའི་བྱང་རྒྱུད་ཀྱི་དབུལ་སྐྱོར་ཡུར་ལམ་དུས་རིམ་གཉིས་པའི་བཟོ་སྐྲུན་གྱི་འགན་འཁྲི་ནི་ཆུ་མཁོ་སྤྲོད་བྱེད་པ་དང་ཡུར་ཆུར་དྲངས་བ། སྐྱེ་ཁམས་ཟུང་འབྲེལ། དེ་མིན་ས་ཁུལ་དེའི་དབུལ་ཕོངས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར་བྱེད་པའི་གསར་གཏོད་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན། ཙོང་ཆུའི་ནུབ་རྒྱུད་ཀྱི་ཡུར་ལམ་བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ཟི་ལིང་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་བཟོ་ལས་ར་བའི་བཟོ་ལས་ཆུ་དང་ཉེ་འཁོར་མཁར་གྲོང་སྡོད་དམངས་ཀྱི་བཏུང་ཆུ། ཞིང་ནང་དུ་ཡུར་ཆུ་འདྲེན་པ་སོགས་ཀྱི་ཆུའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ།  

མིག་སྔར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་སྒོས་འབྲེལ་ཡོད་ལས་ཁུངས་དག་ལ་གྲོས་སྡུར་བྱས་ཏེ། རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་དང་བཟོ་སྐྲུན་གལ་ཆེན་འདི་དག་འཛུགས་བསྐྲུན་བྱེད་པའི་མྱུར་ཚད་ལ་སྐུལ་འདེད་ཀྱིས་ཆུ་བེད་བཟོ་སྐྲུན་འདི་དག་གིས་མགྱོགས་མྱུར་སྒོས་རང་རང་གི་བྱེད་ནུས་ངེས་ཅན་ཐོན་དུ་བཅུག་སྟེ་སྤྱི་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་པར་སྐུལ་འདེད་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།