མཚོ་སྔོན་ཞིང་ཆེན་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2018ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།(1)

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(དོན་གཅིག་པ)

མཚོ་སྔོན་ཞིང་ཆེན་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2018ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

---2018ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང།

མཚོ་སྔོན་ཞིང་ཆེན་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང། 2018ལོའི་འཆར་གཞི་བཀོད་སྒྲིག་གི་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2017ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

2017ལོར་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་ལ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཡང་དུ་མ་སོང་ཞིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་སོང་བའི་གནས་ཚུལ་འོག་ཏུ། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་ལ་བརྟེན་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་ཤུགས་ཆེན་པོས་དངོས་འབེབས་དང། “སྒྱུར་བ་བཞིའི”བསམ་བློ་གསར་བས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས་པ་དང། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་བའི་སྤྱིའི་མདོ་དོན་ཁོང་དུ་ཆུད་པར་བྱས་ཐོག འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་རྒྱུ་བྱེད་ཕྱོགས་གཙོ་བོ་བྱས་ཏེ། སྔ་རྗེས་སུ“ཉིན་བརྒྱའི་འགག་གཏོར”སོགས་ཕྲེང་བསྟར་ཆེད་དོན་འགུལ་སྐྱོད་སྤེལ་བ་དང། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་ཁེ་སྐྲུན་པ། སྐྱེ་ཁམས་སྲུང་སྐྱོང། ཉེན་ཁ་སྔོན་འགོག་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར“བརྟན་འཇགས”ཀྱི་མདོ་དོན་རྒྱུན་བསྲིངས་པ་དང། “ཡར་རྒྱས”ཀྱི་ཁ་ཕྱོགས་ངེས་གསལ་དང“སྒྱུར་བའི”འཕེལ་ཕྱོགས་ཇེ་དྲག་ཏུ་བཏང་ཡོད།

དཔལ་འབྱོར་བརྟན་འཇགས་ངང་འཕར་ཅིང་དམིགས་འབེན་ལས་འགན་སྣ་ཚོགས་སྒོ་ཀུན་ནས་ཡོངས་འགྲུབ་བྱས་པ། དཔལ་འབྱོར་འཁོར་རྒྱུག་ཐད་ནས་སྤྱི་ཡོངས་བརྟན་འཇགས་དང་ཕན་འབྲས་བསྐྱར་འཕར་གྱི་རྣམ་པ་ལེགས་པོ་མངོན་ཞིང། ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2642.8ཡོངས་འགྲུབ་བྱས་པ་དང7.3%འཕར། ཞིང་ཕྱུགས་ལས་ཀྱི་ཐོན་འབབ་ལེགས་ཤིང་ཐོན་ལས་དང་པོ4.9%འཕར་བ་དང། འབྲུ་སྣུམ་ཐོན་ཚད་བརྟན་འཇགས་ཡིན་ལ། སྔོ་ཚོད་དང་ཤའི་རིགས་ཀྱི་ཐོན་ཚད་ཅུང་འཕར་བ་དང། ཆུ་ཐོན་དངོས་རྫས33.5%འཕར། བཟོ་ལས་གཞི་རྩའི་ངོས་ནས་བརྟན་འཇགས་ཡིན་ལ། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས7%འཕར་བ་དང། ལས་རིགས་ཆེ་བ36ཡི་ཁྲོད་དུ་ལས་རིགས24འཕར་བ་དང། སྔོན་སྒྲུབ་ཀྱི་དམིགས་ཚད་ཐད་ནས་དགེ་མཚན་མངོན་པ་རེད། གློག་བཀོལ་ཚད་དང་ཟོང་སྐྱེལ་ཚད་སོ་སོར7.5%དང6.2%འཕར་བ་དང། ཞབས་ཕྱི་ལས་རིགས7.9%འཕར་བ་དང་བྱས་རྗེས་བཞག་ཚད45.1%ལ་བསླེབས། ཡུལ་སྐོར་སྤྱིའི་ཡོང་སྒོ23%འཕར་བ་དང། གནམ་གྲུ་ཐང་གི་འགྲུལ་བ་སྐྱེལ་འདྲེན་གྱི་ཚད་མི་ཐེངས་ཁྲི600ལས་བརྒལ་ཅིང། གློག་འཕྲིན་ལས་སྒོའི་ཚད་ལྡབ1.4འཕར་བ་རེད། ཟླ1པོ་ནས་ཟླ11པའི་བར་དུ་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར75.2ཡན་མངོན་འགྱུར་བྱས་པ་དང33.3%འཕར། ས་གནས་ཀྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར246.1ཡོད་པ་དང་ཁ་ཚད་གཅིག་པ་ལྟར་ན9.3%འཕར་ཞིང། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1650.8ལ་བསླེབས། སྡོད་དམངས་ཡོངས་ཀྱི་ཡོང་སྒོའི་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་ཤིང9.8%འཕར། ནོར་སྲིད་མ་དངུལ་གྱི་འདེགས་སྐྱོར་ནུས་པ་མངོན་པར་དོད་ཅིང། སྤྱི་པའི་ནོར་སྲིད་འགྲོ་སྒོ་སྒོར་དུང་ཕྱུར1530.3ཡིན་པ་དང། འགྲོ་སྒོའི་དོ་མཉམ་རང་བཞིན་དང་གོ་ཆོད་ཡུན་གྱི་རང་བཞིན། འགན་སྲུང་རང་བཞིན་བཅས་ཇེ་དྲག་ཏུ་སོང་བ་རེད། དངུལ་ལོར་ལས་ཁུངས་ཀྱི་བུ་ལོན་སྣ་ཚོགས་ཀྱི་ལྷག་འབོར་སྒོར་དུང་ཕྱུར6000ལས་བརྒལ་བ་དང། སྤྱི་ཚོགས་ཀྱིས་དངུལ་བསྡུ་གཞི་རྒྱ་ལྡབ1.6འཕར། རིན་གོང་འཕར་ཕྱོགས་བརྟན་འཇགས་ཁྲོད་ཇེ་དལ་དུ་སོང་ཞིངCPI1.5%འཕར་ལ། ཉེ་བའི་ལོ་བཅུ་གཉིས་ཀྱི་ནང་དུ་ཆེས་དམའ་ཤོས་རེད།

ལྗང་མདོག་འཕེལ་རྒྱས་མགྱོགས་པོར་བཏང་ཞིང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བུད་པ། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལྗང་མདོག་གོང་སྤེལ་གྱི་འདུ་ཤེས་ལག་བསྟར་དང། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་སོང་བ་རེད། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ཞིང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཕེལ་རིམ་བདེ་བླག་ཡིན་པ་དང། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཆར་ཟིན་ལ་ཆོག་མཆན་ཐོབ་པ་རེད། སྐྱེ་ཁམས་རྩོལ་ནུས་ཁུལ་གལ་ཆེན་དུ་ཐོན་ལས་ཞུགས་འཐུས་ཀྱི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་དང་སྐྱེ་ཁམས་སྲུང་སྐྱོང་ཐིག་དམར་དབྱེ་འབྱེད་གཏན་འབེབས་བྱས་ལ། རིམ་པ་ལྔ་བའི་ཆུ་དཔོན5622ཡིས་དངོས་སུ་ལས་འགན་སྒྲུབ་མགོ་བརྩམས་པ་དང། ཨ་ཆེན་གངས་རྒྱབ་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་གྲས་སུ་རེ་ཞུ་བྱས་པར་ཆོག་མཆན་ཐོབ། སྐྱེ་ཁམས་ལས་གྲྭ་བརྟན་འཇགས་ངང་ལག་བསྟར་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པར་མ་དངུལ་སྒོར་དུང་ཕྱུར9བཏང་བ་དང། མདོ་ལ་རི་བོའི་རི་ཆུ་རྩྭ་ནགས་ཞིང་དང་མཚེའུ་སླར་གསོ་བྱེད་མགོ་བརྩམས་ཤིང། རེས་སྐོར་གསར་པའི་རྒྱལ་དབང་ས་ཁོངས་ལྗང་སྒྱུར་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་ནགས་བསྐྲུན་པའི་རྒྱ་ཁྱོན་མུའུ་ཁྲི400ལས་བརྒལ་བ་རེད། ཁོར་ཡུག་གི་སྤུས་ཚད་བསྟུད་མར་ལེགས་པོར་བསྒྱུར་བ་དང། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད92.4%ལ་བསླེབས་ཤིང། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་བཅད་ཁའིIVརིགས་ཀྱི་ཆུ་གཤིས་ཚད་གཞི་ལོངས་ཚད100%ལ་བསླེབས་པ་དང། བཟོ་ལས་ཀྱི་སྲ་གཟུགས་རྙིགས་རོ་ལས52.5%ཕྱོགས་བསྡུས་སྒོས་བེད་སྤྱད་ཅིང། རྩིས་གཞི་རེའིGDPཡི་ནུས་ཁུངས་ཟད་གྲོན་སྔར་ལས་མར་ཆག ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་འགག་གཏོར་བྱ་བ་ལེགས་འཛིན་བྱས་ནས། ཁྲིམས་མིན་ལུགས་མིན་དང་གནད་དོན་ཡོད་པའི་ཁེ་ལས་དང་ལས་གཞི་ལ་རྦད་ཆོད་སྒོས་སྒོ་རྒྱག་པའམ་སྐྲུན་མཚམས་འཇོག་ཏུ་བཅུག་ནས་དག་ཐེར་བྱས་པ་དང། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་སྐབས་སུ་ཐག་གཅོད་རྒྱུར་སྤྲད་པའི་དོན་དག2299ཡོངས་སུ་ཐག་བཅད་པ་དང། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁོར་ཡུག་གི་གནད་དོན་སྐོར་ཅིག་དུས་བཅད་ལྟར་ཐག་བཅད་ཅིང། “ཟུག་གཟེར”ཁྲོད་སྒོ་གཏན་ཏེ་སྒྲིག་གཞི་ལེགས་སྒྲིག་དང་རིགས་སྒྱུར་ནས་གོང་དུ་སྤེལ་བཞིན་ཡོད།

དམངས་འཚོའི་བསོད་སྐལ་ཇེ་ཆེར་བཏང་ཞིང་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་ཇེ་དྲག་ཏུ་མངོན་གསལ་ཕྱིན་པ། མང་ཚོགས་དཀྱིལ་སྙིང་ཡིན་པའི་གོང་སྤེལ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མ་ཆད་པར་ཞན་ཆ་ཁ་གསབ་པ་དང་དམངས་འཚོའི་དོན་དངོས་བཅུ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ། སྲིད་གཞུང་གིས་ཁས་བླངས་པ་ཁྱོན་ཡོངས་ནས་ཁ་བཤད་ལག་བསྟར་བྱས་ཡོད། དམངས་འཚོའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར1857.8བཏང་བ་དང16.7%འཕར། གནད་འཁེལ་དབུལ་སྐྱོར་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཤིང། དབུལ་སྐྱོར་ཆེད་སྤྱོད་རིགས་ཀྱི་མ་དངུལ་སྒོར་དུང་ཕྱུར105དངོས་འབེབས་བྱས་ཏེ། དབུལ་ཕོངས་རྫོང7དང་སྡེ་བ525། དབུལ་བོ་མི་གྲངས་ཁྲི15.8ཡི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང། ཁྱིམ་ཚང་ཁྲི2.5ལ་ཡུལ་གཞན་དུ་སྤོར་ནས་དབུལ་སྐྱོར་ལག་བསྟར་བྱས། ལས་ཞུགས་སྤྱི་ཡོངས་སུ་བརྟན་འཇགས་ཡིན་ལ། མཁར་གྲོང་དུ་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་ཁྲི6.1འཕར་བ་དང། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད3.1%དང། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད85%ཡན་ལ་བསླེབས་ཡོད་ཅིང། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི108གནས་སྤོར་ནས་ལས་ཀར་ཞུགས་པས། ལོ་འཁོར་གྱི་དམིགས་འབེན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཡོད། སྤྱི་ཚོགས་འགན་སྲུང་གི་གཞི་རྒྱ་བསྟུད་མར་ཆེ་རུ་བཏང་བ་དང། དམངས་ཚོའི་དམིགས་ཚད་ལས་རྣམ་གྲངས13ལེགས་སྒྲིག་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཤིང། ཚད་གཞི་མང་པོ་ཞིག་རྒྱལ་ཡོངས་སམ་ནུབ་རྒྱུད་ཀྱི་མདུན་གྲས་སུ་བསླེབས་ཡོད། སྤྱི་པའི་ཞབས་ཕྱིའི་ལས་གྲྭ་ཆེན་པོ་ལྔའི་རྣམ་གྲངས264ལག་བསྟར་བྱས་པ་དང། སློབ་གསོ་དང་འཕྲོད་བསྟེན། རིག་གནས། ལུས་རྩལ་སོགས་ཀྱི་ལས་གཞི་སྐོར་ཅིག་འགྲུབ་ནས་འཁོར་སྐྱོད་བྱེད་བཞིན་ཡོད། 70%ཡན་གྱི་རྫོང་དུ་འོས་འགན་སློབ་གསོ་ཕལ་ཆེར་དོ་མཉམ་པ་མངོན་འགྱུར་བྱུང་ཡོད་ལ། མཐོ་འབྲིང་གི་སློབ་ཞུགས་ཚད་རྐྱང་བ83.5%ལ་བསླེབས་ཡོད་པ་དང། འབྲིང་རིམ་ལས་རིགས་རིན་མེད་སློབ་གསོ་ཐད་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཨང་གཉིས་པར་གྱུར་ཡོད་ཅིང། མཐོ་རིམ་སློབ་གསོའི་ཐད་ནས“ལེགས་ཤོས་གཉིས”ལ་ཐོད་བརྒལ་གསར་བ་བྱུང་བ་རེད། ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་ཡོན་གེགས་མེད་པར་ཐད་ཀར་རྩིས་སྤྲོད་ཐུབ་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད། རིག་གནས་སྡེ་བ་དང་ཁྱིམ་ཚང་རེར་སྐྱོད་པའི་ལས་གྲྭ་སྲིད་འཛིན་སྡེ་བ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་དང། རྒྱང་སྒྲོག་བརྙན་འཕྲིན་གྱི་ཕྱོགས་བསྡུས་སྒོས་མི་འབོར་ལ་ཁེབས་ཚད98.4%ལ་བསླེབས་ཤིང། ལུས་རྩལ་ཁང་ཆེ་གྲས་རིན་མི་དགོས་པའམ་རིན་ཉུང་ངུ་བསྡུས་ནས་སྒོ་འབྱེད་ཚད100%ལ་བསླེབས་པ་རེད། མཁར་གྲོང་གི་སྤྱི་པའི་གླ་གཏོང་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་ཁྲི7.2གསར་སྐྲུན་དང་བསྒྱུར་བཀོད་བྱས་པ་དང། རོང་འབྲོག་ཁུལ་གྱི་ཉེན་ཁ་ཅན་གྱི་ཁང་བ་དང་ཁང་རྙིང་བསྒྱུར་བཀོད་ཁྱིམ་ཚང་ཁྲི6ཡོངས་འགྲུབ་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་ཐོབ་ཡོད། ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བདམས་ཐོན་བྱུང་བ་དང། ཟི་ལིང་དང་མཚོ་ནུབ། མཚོ་ལྷོ་བཅས་ཀྱིས་རྒྱལ་ཁའི་ངང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ཁུལ་བསྐྲུན་ཞིང། ཡུལ་ཤུལ་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་རེད།

འདོན་སྤྲོད་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ་གསར་དར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱོན་ཆེན་པོའི་ནང་དུ་བཞག་ནས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཧུར་ཐག་སྒོས་སྦྲེལ་བ་དང། བལྟོས་བཅས་ཀྱི་ལེགས་ཆ་བརྟན་སྲུང་དང་རྒྱ་བསྐྱེད་ཅིང། ལག་རྩལ་གསར་བ་དང་ཐོན་ལས་གསར་བ། ལས་རྣམ་གསར་བ། རྣམ་པ་གསར་བ་བཅས་རྒྱ་ཆེར་གསོ་སྐྱོང་བྱས་ལ། ཧུར་ཐག་བརྟན་བརླིང་སྒོས་ཐོན་ནུས་འདོར་སྒྱུར་བྱས་ནས། རྡོ་སོལ་གྱི་ཐོན་ནུས་ལྷག་མ་ཏུན་ཁྲི132སེལ་བའི་ལས་འགན་འགྲུབ་པ་དང། ཁེ་ལས་ཀྱི་ལས་བཟོ་བ་མི་གྲངས3046ཕྱོགས་བགོས་བཀོད་སྒྲིག་བྱས་ཡོད། ས་ཁང་བདག་ཁོངས་ཀྱི་མཛོད་ཉར་ཁང་པ་འཚོང་བའི་གྲུབ་འབྲས་མངོན་གསལ་ཡིན་ཏེ། ཚོང་ཟོང་ཁང་པ་ཕྱིར་འཚོང་གི་དུས་འཁོར་ཟླ13.3དུ་མར་ཆག་པ་དང། ལོ་མགོ་ལས་ཟླ3.2ཇེ་ཉུང་དུ་སོང་བ་རེད། ལྗོངས་ཕྱི་རུ་བུན་འཛིན་ཨ་སྒོར་དུང་ཕྱུར12འགྲེམས་སྤེལ་ལེགས་འགྲུབ་བྱུང་བ་དང། ཚྭ་མཚོའི་མ་རྐང་དང་ནུབ་རྒྱུད་གཏེར་ཁའི་བུན་འཛིན་མ་རྐང་དུ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཁེ་ལས་རེ་ཟུང་གི་བུ་ལོན་ཉེན་ཁ་འོས་མཐུན་གྱིས་ཐག་གཅོད་བྱས་ཡོད། ཁེ་ལས་ཀྱི་མ་གནས་རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར70ཇེ་དམའ་རུ་བཏང་ཡོད། བཟོ་ལས་སྒྲིག་གཞི་ལེགས་སྒྱུར་རིམ་སྤར་བྱས་ནས། ལག་རྩལ་མཐོ་བའི་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སོ་སོར21%དང16%འཕར་བ་དང། ཞུན་ཐིགས་སཱེལ་དང་འོད་འགྱེད་ཚི་སྐུད། ལིས་ལྡན་གློག་གཡིས་སོགས་ཐོན་རྫས་གསར་བ་འཕར་སྣོན་ཆེན་པོ་བྱུང། ཐོན་ཁུངས་གསར་བའི་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཚད་སྟོང་ཝོལ་ཁྲི་ཚོ1000ལ་ཉེ་བ་དང། གློག་བཏོན་པའི་བསྡུར་ཚད20%ལ་བསླེབས་ཡོད་ཅིང། རྒྱལ་ཡོངས་སུ་ཐོག་དང་པོར་བསྟུད་མར་དུས་ཚོད168རིང་དག་གཙང་ནུས་ཁུངས་ཀྱི་གློག་འདོན་པ་མངོན་འགྱུར་བྱས། རྒྱལ་ཡོངས་སུ་ཐོག་མར་ཀྲའོ་ཝ་བརྒྱ་ཅན་གྱི་ཉི་གློག་འོད་ཝོལ་གློག་འདོན་དོན་དངོས་ཁུངས་སྐྱེལ་རྟེན་གཞི་བཙུགས་ཤིང། རྒྱལ་ཁབ་ཀྱི་ཐོན་ཁུངས་གསར་བའི་རྟེན་གཞི་གལ་ཆེན་བརྟན་འཇགས་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། འཁོར་སྐྱོད་ཐོན་ལས་འབྲེལ་ཐག12ཐོག་མར་གྲུབ་པ་དང། འཁོར་སྐྱོད་བཟོ་ལས་ཀྱིས་ཟིན་པའི་བསྡུར་ཚད60%ལ་བསླེབས་ཡོད། ཟད་ནུས་མཐོ་བ་དང་ཐོན་ཁུངས་རིགས་ཀྱི་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད་མར་ཆག་པ་རེད། རྒྱུ་ཆ་གསར་བ་དང་སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་གནད་འགག་ལག་རྩལ་ཐད་ནས་འགག་སྒོ་གཏོར་བ་དང། མཐོ་གསར་ལག་རྩལ་དང་ཚན་རྩལ་རིགས་ཀྱི་ཁེ་ལས་སོ་སོར144དང294ལ་བསླེབས། ཞབས་ཕྱི་ལས་རིགས་ཐད་མ་དངུལ་བཞག་པའི་བསྡུར་ཚད་བརྒྱ་ཆའི་དྲུག་ཅུ་ལས་བརྒལ་ཡོད་ལ། དངུལ་ལོར་དང་ཟོང་སྐྱེལ། བདེ་ཐང་རྒན་གསོ་སོགས་ཀྱི་ལས་རིགས་བརྟན་འཇགས་ངང་གོང་དུ་འཕེལ་བཞིན་པ་དང། གློག་རྡུལ་ཚོང་ལས་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད། རོང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གྲུབ་འབྲས་མངོན་གསལ་ལྡན་ལ། མཐོ་སྒང་དང་ལྗང་མདོག སྐྱེ་ལྡན་ཚོང་རྟགས་ཀྱི་སྐུལ་ཁྲིད་ནུས་ཕྱོད་མངོན་གསལ་དུ་སོང་བ་དང། ཞིང་ལས་དང་དཔལ་འབྱོར་དང་གཟན་ཆས་བཅས་སྣ་གསུམ་པོའི་སྒྲིག་གཞི་རྒྱུན་མི་ཆད་པར་ལེགས་སྒྱུར་བྱས། སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ལ། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་གྱི་ཚད54.2%ལ་བསླེབས་པ་དང། ཆེད་ལས་མཉམ་ལས་ཁང961ཏུ་གོང་འཕེལ་བྱུང་ཡོད་ལ། སྤྲོ་གསེང་རོང་ཕྱུགས་ལས་ཀྱི་ལས་གཉེར་མི་གྲངས་ཁྲི3.1ཡོད་པ་དང་ལོ་འཁོར་གྱི་ཁེ་སྤོགས་སྒོར་དུང་ཕྱུར5.6བསླེབས་ཤིང། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་འཁོར་སྐྱོད་ལེགས་པོ་བྱེད་པའི་རྣམ་པ་མགྱོགས་མྱུར་ངང་ཆགས་པ་རེད།

སྒུལ་ནུས་གཞན་སྒྱུར་གྱི་ཚད་ཇེ་མགྱོགས་སུ་བཏང་ཞིང་དངུལ་གཏོང་དང་འཛད་སྤྱོད་ཀྱིས་མཉམ་དུ་སྐུལ་ཁྲིད་བྱས་པ། གོང་དུ་སྤེལ་སྟངས་ཤུགས་ཡོད་རྒུས་བསྒྱུར་བ་དང། གོང་འཕེལ་གྱི་སྒུལ་ཤུགས་བསྒྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་ཞིང་གི་དཔལ་འབྱོར་འཕར་བའི་ཐད་ནས་གཙོ་བོ་བཟོ་ལས་ཀྱིས་སྐུལ་ཁྲིད་ལ་བརྟེན་པ་ནས་བཟོ་ལས་དང་ཞབས་ཕྱིའི་ལས་རིགས་ཀྱིས་མཉམ་དུ་སྐུལ་ཁྲིད་དང། གཙོ་བོ་དངུལ་གཏོང་གིས་སྐུལ་ཁྲིད་ལ་བརྟེན་པ་ནས་དངུལ་གཏོང་དང་འཛད་སྤྱོད་ཀྱིས་མཉམ་དུ་སྐུལ་ཁྲིད་བྱེད་པར་བསྒྱུར་ཏེ། གོང་འཕེལ་གྱི་སྒུལ་ཤུགས་ལ་སྒྲིག་གཞིའི་རང་བཞིན་གྱི་འཕོ་འགྱུར་གཏོང་བར་སྐུལ་འདེད་བཏང་ཡོད། རྨང་གཞིའི་ཆ་རྐྱེན་ལེགས་བཅོས་དང་དམངས་འཚོ་ལེགས་བཅོས། སྒྲིག་གཞི་ལེགས་སྒྲིག་ཁྲོད་ཀྱི་དངུལ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། ཕན་ནུས་ལྡན་པའི་མ་དངུལ་གཏོང་རྒྱ་བསྐྱེད་པར་ཧུར་བརྩོན་བྱས་ཏེ། ལོ་ཧྲིལ་བོར་མ་དངུལ་བཏང་ཚད10.3%འཕར་བ་དང། ལས་གཞི་གལ་ཆེན180ཐད་ལ་མ་དངུལ་སྒོར་དུང་ཕྱུར1953བཏང་ཡོད། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་སྣེ་ཁྲིད་ལས་གྲྭ་སྐྲུན་མགོ་ཚུགས་པ་དང། ན་གོར་མོ་ནས་ཁོར་ལེའུ་དང། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། རྨིན་ཧི་ནས་ཞའོ་ཞ་འགག་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང། ཞོན་ཧྭ་ནས་དཔའ་ལུང་བར་དང་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར། གུང་ཧོ་ནས་ཡུལ་ཤུལ་བར་བཅས་ཀྱི་མྱུར་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་བྱས་པ་དང། ཟི་ལིང་ནས་གྲོང་ཁྱེར་དང་ཁུལ་ཡོངས་སུ་མྱུར་ལམ་དང་རྫོང་ཡོངས་སུ་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་ཤར་གཏོང་བྱས་ཡོད། ཞིང་སྡེའི་གཞུང་ལམ་སྤྱི་ལེ8600གསར་སྐྲུན་སྒྱུར་སྐྲུན་བྱས་པ་དང། རིམ་པ་མཐོ་བའི་གཞུང་ལམ་རིང་ཚད་སྤྱི་ལེ3900ལ་བསླེབས་ཡོད་པ་དང། གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི8ལས་བརྒལ་བ་རེད། ན་གོར་མོའི་གནམ་གྲུ་ཐང་སྒྱུར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱས་པ་དང། མདོ་ལའི་གནམ་གྲུ་ཐང་དུ་ཚོད་ལྟའི་འཕུར་སྐྱོད་མངོན་འགྱུར་བྱུང་ཡོད། ནཱ་ལེང་ཀོ་ལེའུ་ཆུ་བོའི་ཆུ་བེད་ལྟེ་གནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་མཛོད་ཆེན་པོ་བཞིའི་སྒྲོམ་གཞི་གཙོ་བོའི་ལས་གྲྭ་བསྐྲུན་ནས་འགྲུབ་པ་དང། རྫོང39ཡིས་འཐུང་ཆུའི་བདེ་འཇགས་བརྟན་སྲུང་དང་མཐོར་འདེགས་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མང་ཚོགས་མི་གྲངས་ཁྲི44.9ལ་ཕན་ཁེ་བསྐྲུན་ཡོད། ཟི་ལིང་བྱང་ཕྱོགས་ཀྱི་སྟོང་ཝོལ750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སྐྲུན་མགོ་ཚུགས་པ་དང། མཚོ་སྔོན་གློག་དྲའི་སྟོང་ཝོལ750ཅན་གྱི་རྐང་འཛིན་དྲ་རྒྱའི་གཞི་སྒྲོམ་ཐོག་མར་གྲུབ་པ་དང། ཞིང་སྡེའི་གློག་དྲ་སྤྱི་ལེ9176འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཏེ། རོང་འབྲོག་ཁུལ་དུ་གློག་མཁོ་འདོན་གྱི་གཏན་ཆགས་རང་བཞིན་སྔར་བས་ཇེ་མཐོར་བཏང། ཨང་ཀིའི་མཚོ་སྔོན་དང་ཐགས་ཡངས་མཚོ་སྔོན་མགྱོགས་མྱུར་ངང་བསྐྲུན་པ་དང། སྤོ་སྒུལ་གློག་འཕྲིན་གྱི་རིན་ཇེ་དམའ་དང་འགྲོས་ཇེ་མྱུར་དུ་བཏང་བ་དང། སྤོ་སྒུལ་འབྲེལ་དྲ་སྦྲེལ་བའི་བཞུར་ཚད་ལྡབ1.9འཕར་ཞིང། 4Gཁ་པར་སྤྱོད་མཁན60%འཕར་བ་རེད། རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཞུགས་ཏེ། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་དང། ཁྱད་དམིགས་མཐོ་གནོན་དྲང་རྒྱུག་གློག་སྐྱེལ་གློག་སྒྱུར་སོགས་ལས་གཞི་གལ་ཆེན་གྱི་སྔོན་འགྲོའི་ལས་གཞིར་འཕེལ་རྒྱས་མངོན་གསལ་བྱུང་བ་རེད། འཛད་སྤྱོད་ཀྱིས་སྐུལ་ཁྲིད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཏེ། “འཛད་སྤྱོད་རྒྱ་བསྐྱེད་པའི་འགུལ་སྐྱོད་བཅུ”ལ་སྐུལ་འདེད་བྱས་ནས། ལུས་རྩལ་དང་བདེ་ཐང། རྒན་གསོ། ཆ་འཕྲིན་སོགས་ཞབས་ཞུའི་འཛད་སྤྱོད་བརྟན་འཇགས་ངང་འཕར་བ་དང། འཛད་སྤྱོད་ལས་རྣམ་སྣ་མང་ཞིང་མཁོ་འདོན་ཕུན་སུམ་ཚོགས་པར་གྱུར་ཡོད་ཅིང། སིལ་འཚོང་སྤྱིའི་བསྡོམས་འབོར9.3%འཕར་བ་དང། གློག་རྡུལ་ཚོང་ལས་ཉོ་ཚོང་སྟེགས་བུ10བསྐྲུན་ཞིང། གློག་རྡུལ་ཚོང་ལས་ཉོ་ཚོང་ཚད30.8%འཕར། རང་ཞིང་གི་ཁྱད་ལྡན་ཕྱིར་འཚོང་ཐོན་རྫས་ཧུར་ཐག་གིས་གསོ་སྐྱོང་བྱས་པ་དང། ཕྱིར་འཚོང་སྒྲིག་གཞི་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས་ནས། རང་གིས་གཉེར་བའི་ཚོང་རྫས་ཕྱིར་གཏོང་ནང་འདྲེན་བྱས་ཚད45.1%འཕར་བ་དང། ཚྭ་འགྱུར་ཐོན་རྫས་ཐོག་དང་པོར་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱས་པ་རེད།

གོང་འཕེལ་གྱི་གསོན་ཤུགས་ཇེ་དྲག་ཏུ་བཏང་ཞིང་བཅོས་སྒྱུར་སྒོ་འབྱེད་ཐད་ནས་འཕེལ་རྒྱས་གསར་བ་བྱུང་བ། བཅོས་སྒྱུར་གྱི་རྒྱུད་རིམ་ལྡན་པའི་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་སྔར་བས་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་གསོན་ཤུགས་དང་མཉེན་ཆ་ལྡན་པར་བྱས་ཡོད། སྲིད་འཛིན་གྱིས་ཞིབ་མཆན་འགོད་པའི་དོན་ཚན44མེད་པར་བཟོས་པའམ་ལེགས་སྒྲིག་བྱས་པ་དང། དེ་དང་མཉམ་དུ་ཁེ་ལས་ཀྱི“ལག་ཁྱེར་སོ་དྲུག་གཅིག་སྒྲིལ”དང་སྒེར་གཉེར་བཟོ་ཚོང་པའི“དཔང་ལྔ་གཅིག་སྒྲིལ”ལག་བསྟར་བྱས་ཤིང། ཚོང་རའི་ཚོང་གཉེར་པ13%འཕར་བ་རེད། “3+10”ཞེས་པའི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཚོད་ལྟ་བྱ་རྒྱུ་དེ་ཡོངས་རྫོགས་ཞིང་ཆེན་གྱི་ཁོངས་གཏོགས་ཁེ་ལས18ལ་དོན་འཁྱོལ་བྱས་ཡོད། མ་དངུལ་གཏོང་བསྡུ་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ནས། ལས་གཞིའི་རྣམ་གྲངས10ཡི་ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱས་པ་དང། ཁེ་ལས་ཀྱི་དངུལ་གཏོང་ལས་གཞིར་གྲབས་བཤེར་བྱེད་ཐབས་བཏོན་ཞིང། དངུལ་གཏོང་ལས་གཞིར་ཞིབ་མཆན་འགོད་པར་ལྟ་སྐུལ་དོ་དམ་སྟེགས་བུ་དྲ་ཐོག་ཏུ་འཁོར་སྐྱོད་བྱེད་བཞིན་ཡོད། རོང་འབྲོག་ཁུལ་གྱི་ས་དབང་ལམ་ལུགས་དང་མཁོ་འཚོང་མཉམ་ལས་ཁང། རྒྱལ་དབང་ནགས་ར་མགྱོགས་མྱུར་ངང་བཅོས་སྒྱུར་བྱས་པ་དང། ཞིང་སྡེའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་བྱས་ཏེ་སྟོབས་ཇེ་ཆེར་བཏང་ཡོད། ཞིང་ཆེན་གྱི་ཁོངས་གཏོགས་རྒྱལ་དབང་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་གཞུང་འཁོར་བཅོས་སྒྱུར་ཡོངས་འགྲུབ་བྱས་པ་དང། བོད་ཁུལ་གྱི་ཁུལ་དྲུག་གི་གཞུང་འཁོར་བཅོས་སྒྱུར་བྱེད་མགོ་བརྩམས་ཡོད། “རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ས་རྒྱུད། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་དུ་ཧུར་ཐག་སྒོས་ཞུགས་ནས། རྨང་གཞིའི་མཉམ་སྦྲེལ་ལས་གྲྭ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ་དང། ཁྱད་སྟོབས་ལྡན་པའི་ཐོན་ནུས་ཕྱི་རུ་བསྐྱོད་པར་སྐུལ་མ་བཏང་ཞིང། ཀྲུང་གོ་དང་ཡོ་རོབ་བར་གྱི་ལྕགས་ལམ་རྒྱུན་རྣམ་ཅན་ལྟར་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱས་ཐོག ཕྱི་ཕྱོགས་དང་མཉམ་ལས་བྱ་བ་བསྟུད་མར་གཏིང་ཟབ་ཏུ་སྤེལ། 《ཚོང་འགུགས་དངུལ་འདྲེན་བྱ་བར་སྔར་ལས་ལྷག་པར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་འགའ》དང《རྒྱལ་ཁབ་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་མཐིལ་ཕྱིན་བྱེད་པའི་ལག་བསྟར་བསམ་འཆར》ཞིབ་འཇུག་གཏན་འབེབས་བྱས་པ་དང། “མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“མཚོ་སྐོར་ལྕགས་རྟ་འགྲན་རྒྱུག” རིག་གནས་ཡུལ་སྐོར་དུས་ཆེན་སོགས་འགྲན་ཚོགས་རྒྱལ་ཁའི་ངང་སྤེལ་བ་དང། ཀྲུང་དབྱང་གི་ཁེ་ལས་དང་ལས་གཞི་མཉམ་ལས་གན་རྒྱ་སྒོར་དུང་ཕྱུར1925བཀོད་པ་དང། ཚོང་འགུགས་དངུལ་འདྲེན་ཐད་ནས་སྒོར་དུང་ཕྱུར756.7ལག་སོན་བྱུང་ཡོད་པ་དང། དབུལ་སྐྱོར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར16དངོས་འབེབས་བྱས་ཡོད།

ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱི་དར་ཆ་མཐོན་པོར་བསྒྲེངས་པ་དང། “སྒྱུར་བ་བཞིའི”བསམ་ཕྱོགས་གསར་བས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་ནས་རྩ་བ་ཚུགས་པར་སྐུལ་འདེད་བྱེད་པ་དང། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་འཚོལ་ཞིབ་བྱེད་ཕོད་པ་དང་ལག་ལེན་བྱེད་ཕོད་པར་བྱས་ནས། ཉེ་རྒྱང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས། སྤྱོད་གོ་ཆོད་པ་བཅས་ཀྱི་བྱེད་ཐབས་རབས་དང་རིམ་པ་སྤྱད་དེ་རང་འགུལ་གྱི་དབང་ཆ་དམ་པོར་བཟུང་ཡོད། “ཆེད་དམིགས་མཁྲེགས་གཏོར་འགུལ་སྐྱོད་ཆེན་པོ་བཞི”རྟེན་ས་བྱས་ཏེ། གནས་ངོས་ཟུང་འབྲེལ་དང་གནད་དོན་ཕྱོགས་སྟོན་དུ་བྱས་ཏེ། དཔལ་འབྱོར་གནས་བབ་ལ་དུས་ངེས་གཏན་སྒོས་དབྱེ་ཞིབ་བྱས་ཐོག དཔལ་འབྱོར་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་བྱ་བ་གལ་ཆེན་སྐུལ་འདེད་ཚོགས་འདུ། རོགས་སྐྱོར་རོགས་འདེགས། ཚན་རྩལ། སྤྱི་དབང་མ་ཡིན་པའི་དཔལ་འབྱོར། དབུལ་སྒྲོལ། བོད་ཁུལ་གོང་སྤེལ་སོགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ཤིང། གཙོ་གནད་འཛིན་པ་དང་ཞན་ཆ་ཁ་གསབ། ཉམ་ཞན་སྟོབས་ལྡན་དུ་བཏང། བདེ་འཇགས་དང་ཁོར་སྲུང། དབུལ་སྐྱོར་སོགས་ཁྱབ་ཁོངས་གལ་ཆེན་ལ་ཧུར་ཐག་སྒོས་ལྟ་བཤེར་བྱས་པ་དང། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་ས་ཁུལ་ཡུག་གཅིག་འགན་གཙང་ལེན་བྱས་ཏེ་སྒྱུར་བཅོས་བྱེད་པར་སྐུལ་ཁྲིད་བྱས་ནས། རིམ་པ་བཞིན་དུ་ལག་བསྟར་གཙོར་འཛིན་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས་ཡོད། “710”ཞེས་པའི་བྱ་བའི་ཐབས་ཤེས་སྤྱད་དེ་རྩིས་ཐོ་འཛུགས་པ་དང་ལྟ་བཤེར་ཤུགས་དྲག་ཏུ་གཏོང་བ། སྒྱུར་བཅོས་གཙོར་བཟུང་སྟེ་རིམ་པ་རེ་རེ་བཞིན་དུ་དངོས་འབེབ་འཛིན་པ་དང། ལྷུ་ཚིགས་རེ་རེས་བྱ་བའི་འཕེལ་རིམ་ལ་སྐུལ་འདེད། རྣམ་གྲངས་སོ་སོར་གྲུབ་འབྲས་མངོན་པར་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་འགན་ལེན་དང་འགན་འཁྲིའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། གོང་སྤེལ་བསམ་ཕྱོགས་གསར་སྐྲུན་དང་བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱས་ཐོག མཛུབ་མོ་ལྔ་བཅིངས་ཁུ་ཚུར་བྱས་ཏེ་འགག་སྒོ་གཏོར་ཅིང། དཀའ་ཚགས་ཆེ་བའི་ཞིབ་ཕྲའི་བྱ་བ་མང་པོ་བསྒྲུབས་ཏེ། བྱ་བ་སྣ་ཚོགས་ཐད་ནས་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་བཏང།

2017ལོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ནི་འདས་ཟིན་པའི་ལོ་འགའི་བྱ་བའི་རྨང་གཞིའི་སྟེང་བླངས་པ་ཡིན། ལོ་ལྔའི་རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུས་འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་སྤྱི་ཡོངས་ལ་འཆར་འགོད། དོན་དངོས་བསྒྲུབས་པ་བཅས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ“ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང། “ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་མགོ་བརྩམས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་རེད། ཕྱོགས་བསྡུས་སྟོབས་ཤུགས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བུད་པ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་དང། བརྟན་འཇགས་ཁྲོད་ཡར་རྒྱས་བྱུང་སྟེ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་འཁོར་རེར་ཆ་སྙོམས་ཀྱིས8.7%འཕར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་དང། “སྒོར་ཐེར་འབུམ་ཆེན་པོ་བཞི་ཅན”གྱི་ཐོན་ལས་ལ་གཞི་ཁྱོན་ཅུང་ཟད་གྲུབ་པ་དང། “ལྗང་མདོག་གི་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱད”མགྱོགས་མྱུར་ངང་གྲུབ་སྟེ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར16010བཏང་བ་དང་ལོ་འཁོར་རེར་ཆ་སྙོམས་ཀྱིས17.6%འཕར། རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དང། སྤྱི་ཚོགས་འཛད་སྤྱོད་ཚོང་རྫས་སིལ་འཚོང་སྤྱིའི་མ་དངུལ་ལོ་འཁོར་རེར་ཆ་སྙོམས11.8%འཕར། མཁར་གྲོང་ཅན་དུ་བསྒྱུར་ཚད53.1%བསླེབས་ཏེ། དར་རྒྱས་མིན་པའི་ས་ཁུལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྣང་ཚུལ་གསར་བ་མངོན་པ་རེད། སྐྱེ་ཁམས་སྲུང་སྐྱོང་ཐད་ནས་འགག་སྒོ་གསར་བ་གཏོར་བ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོད་སེམས་དང་ཤུགས་ཚད་ཆེ་ཞིང་ཕན་འབྲས་བཟང་བ་ནི་སྔ་ན་ཡོད་མ་མྱོང་ལ། སྐྱེ་ཁམས་མ་ལག་ཉམ་ཞན་དུ་འགྱུར་ཕྱོགས་ལ་བཀག་འགོག་ཐོབ་ཅིང། སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔ་འཛུགས་སྐྲུན་གྱི་རྣམ་པ་ཆགས་ཤིང། གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་མཚེའུ་སྟོང་གི་མཛེས་ལྗོངས་མངོན་པ་དང། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་ནི་ལོ17རིང་གི་ཆེས་ཆེ་བར་ཐོན་ཡོད། བརླན་ས་སྤྱིའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཆེས་གྲལ་མགོར་ཐོན་པ་དང། གཙང་བོ་གཙོ་བོ་དག་གི་ཆུ་གཤིས་རིགསIIཅན་གྱི་ཡན་དུ་བརྟན་འཇགས་སུ་ཡོད་ལ། མུ་རི་གཏེར་ཁུལ་བཅོས་སྐྱོང་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང། ཟི་ལིང་གི་ལྷོ་བྱང་རིར་ནགས་ཚལ་ཁྱབ་ཚད79%ལ་བསླེབས་ཡོད། ནུས་སྲི་སྙིགས་འཕྲི་ལ་གྲུབ་འབྲས་མངོན་གསལ་ཐོན་ཏེ། མཛེས་པའི་ཀྲུང་གོའི“མིག་དཔེ་མཚོ་སྔོན”སྐྲུན་པའི་གོམ་སྒྲ་ཆེ་ཞིང་ཤུགས་དང་ལྡན་པ་རེད། མང་ཚོགས་ཀྱི་འཚོ་བར་བསོད་སྐལ་གསར་བ་བསྣན་པ་སྟེ། མི་དམངས་མང་ཚོགས་ཡོངས་ཁྱབ་ཀྱིས་སེམས་ཁུར་བྱེད་བཞིན་པའི་འབུར་ཐོན་གྱི་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང། དབུལ་བོ་མི་ཁྲི90.7བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་པ་མངོན་འགྱུར་བྱས་ཤིང་དབུལ་བོར་གྱུར་ཚད24.6%ནས10.3%དུ་མར་ཆག མཁར་གྲོང་དུ་གསར་དུ་ལས་ཀར་ཞུགས་ཚད་རིམ་བསགས་ཀྱིས་བརྩིས་ན་མི་ཁྲི30ལས་བརྒལ་བ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་སོ་སོར9.7%དང11.1%འཕར། སྤྱི་ཚོགས་འགན་བཅོལ་ཁྲོད་ཞུགས་པའི་རྒྱ་བསྐྱེད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་གྲངས་ལས་སུམ་ཆའི་གཅིག་གི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱས་ཡོད། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་བ་དང། ཚོང་ཟོག་རིན་གོང་འཕར་ཚད་བསྟུད་མར་མར་ཆག སྤྱི་ཚོགས་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཞིང། མི་དམངས་ལ་ཐོབ་པའི་ཚོར་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང། བདེ་འཇགས་ཀྱི་ཚོར་སྣང་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་བ་རེད། བཅོས་སྒྱུར་སྒོ་འབྱེད་ཐད་ནས་རྣམ་པ་གསར་བ་མངོན་པ་སྟེ། ཀྲུང་དབྱང་གི་རྩེ་གྲས་ཇུས་འགོད་དེ་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་པོར་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་སྤོབས་པ་ཆེན་པོས་གསར་གཏོད་བྱས་ཐོག བཅོས་སྒྱུར་ལ་ཁྱོན་ཡོངས་ནས་ཤུགས་འདོན་པ་དང། གནད་མང་པོའི་འགག་སྒོ་གཏོར་ཅིང་གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། བཅོས་སྒྱུར་བྱེད་ཐབས་གལ་ཆེན་བསྡོམས་པས843བཏོན་པ་དང། སྲིད་འཛིན་ཞིབ་བཤེར་མཆན་འགོད་དོན་ཚན་ཁུ་བསྡུ་བྱས་ཚད64%ལ་བསླེབས་ཤིང་ཚོང་རའི་ཚོང་གཉེར་བ་85%འཕར་བ་དང། སྐྱེ་ཁམས་དཔལ་ཡོན་དང་ཁྲིམས་འཛིན་སྒྲིག་སྲོལ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅས་བཅོས་སྒྱུར་ཆེན་པོ་གསུམ་ཚོད་ལྟའི་བྱ་བ་སྔོན་དུ་སྐྱོད་པ་དང། “རྒྱུད་གཅིག་ལམ་གཅིག”སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གྲུབ་འབྲས་མངོན་གསལ་བླངས་པ་དང། དཔལ་འབྱོར་ཉོ་ཚོང་དང་རིག་གནས་ལུས་རྩལ་བྱ་འགུལ་གྱི་ཚོང་རྟགས་ཀྱི་ཕན་ནུས་འབུར་དུ་ཐོན་ཞིང། མཚོ་སྔོན་ལ་སྔར་བས་ཡིད་ཆེས་དང་སྒོ་འབྱེད་ཀྱི་རྣམ་པས་ཁེངས་ཡོད།

གཉིས། 2018ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཁོར་ཡུག་དང་དམིགས་འབེན་གཙོ་བོ།

2018ལོ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་དང། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང། “ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་བ་སྔ་འཛིན་ཕྱི་མཐུད་བྱེད་པའི་གནད་འགག་གི་ལོ་ཡིན་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། ལོ་ཧྲིལ་བོའི་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་ཧ་ཅང་ཆེ་ལ། འགན་འཁྲི་ཡང་ཧ་ཅང་ལྕི། རང་ཞིང་གི་འཕེལ་རྒྱས་ཐད་ལ་ཕན་ཡོད་ཀྱི་ཆ་རྐྱེན་མི་ཉུང་བར་འཕྲད་ཡོད་དེ། གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་དང་ལྷག་པར་དུ2018ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པར་མ་ཟད། ས་ཁོངས་མཐུན་སྦྱོར་གོང་སྤེལ་འཐབ་ཇུས་ལག་བསྟར་ལ་བཀོད་སྒྲིག་གསར་བ་བྱས་པ་དང། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་ཆགས་པར་བྱེད་ཐབས་གང་མང་སྤྱད་དེ་སྐུལ་འདེད་དང་ཞིང་སྡེའི་དར་སྤེལ་འཐབ་ཇུས་ལག་བསྟར། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་ཚོད་ལྟ་བྱས་པ་ལ་སོགས་པ་ཚང་མ་རང་ཞིང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྔར་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པར་ཕན་ཐོགས་ཡོད། གཉིས་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡང་བསྐྱར་བརྟན་འཇགས་ཡོང་བ་ཕལ་ཆེར་མངོན་འགྱུར་བྱས་པ་དང། ཐོན་སྐྱེད་རྒྱུ་ཆའི་ཚོང་རའི་དགོས་མཁོ་བརྟན་འཇགས་ངང་འཕར་བ་དང་རིན་གོང་བསྟུད་མར་མར་ཆག་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཕན་ནུས་སྔར་བས་མངོན་གསལ་ཏུ་ཐོན་པ། ལས་རིགས་གཙོ་བོ་དག་སྔོན་དཔག་ལས་བཟང་བ། རང་ཞིང་གི་དཔལ་འབྱོར་འཕར་བར་སྤྱི་ཁོག་ཁོར་ཡུག་གི་འདེགས་སྐྱོར་ཅུང་བཟང་པོ་ཡོད། གསུམ་ནི་ཞིང་ཆེན་ནང་ཁུལ་དུ་གཞན་སྒྱུར་གོང་སྤེལ་གྱི་འཕེལ་ཕྱོགས་བཟང་བ་དང། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་ཚབ་མཚོན་ཡིན་པའི་གསར་དར་ཐོན་ལས་མགྱོགས་མྱུར་ངང་འཕེལ་ཏེ། རྗེས་སོར་སྤུས་ཚད་ལྡན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་འཕར་བར་རྨང་གཞི་ལེགས་པོ་བཏིངས་ཡོད། སྲོལ་རྒྱུན་ཐོན་ལས་བསྟུད་མར་རིམ་སྤར་སྒྱུར་བཀོད་བྱས་པ་བརྒྱུད་དེ། འགྲན་རྩོད་ནུས་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་དང། ཚོང་རའི་སྔོན་དཔག་དུས་རིམ་རང་བཞིན་གྱི་བསྐྱར་འཕར་བྱུང་ཞིང། སྔོན་དུ་ལག་བསྟར་གྱི་དམིགས་ཚད་རིམ་བཞིན་བཟང་ཕྱོགས་སུ་འཕེལ་བས། ལས་རིགས་ཀྱི་ཡིད་ཆེས་ཅུང་ཆེ་རུ་བསྐྱེད་པས། སྲོལ་རྒྱུན་ལས་རིགས་བརྟན་འཇགས་ངང་འཕར་བར་ཕན་པ་རེད།

མཐུན་རྐྱེན་ལེགས་པོ་མཐོང་བ་དང་མཉམ་དུ། བདེ་དུས་ཉེན་ཁ་དྲན་པ་དང་འཇགས་དུས་སེམས་ཁྲལ་མི་བརྗེད་པར་དེང་སྐབས་རང་ཞིང་གོང་དུ་སྤེལ་བའི་མདུན་དུ་དཀའ་ཁག་དང་གེགས་རྐྱེན་མི་ཉུང་བ་ཡོད་པ་ཡང་གསལ་བོར་ཤེས་དགོས་ཏེ། གཙོ་བོ་ནི། དངུལ་གཏོང་དངུལ་བསྡུའི་མ་རྩ་འཕར་བ་དང། ལས་གཞི་ཆེན་པོའི་རྒྱུན་མཐུད་མི་བཟང་བ། དམངས་ཁྲོད་ཀྱིས་མ་དངུལ་གཏོང་བའི་ཡིད་ཆེས་དང་སྒུལ་ཤུགས་མི་འདང་བས། མ་དངུལ་གཏོང་བའི་སྔོན་དཔག་དང་འཕར་ཤུགས་ཆུང་བའི་བར་གྱི་འགལ་བ་འབུར་དུ་ཐོན་ཡོད། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་དང་གོང་དུ་སྤེལ་བར་དཀའ་ཁག་ཆེ་ཞིང། གསར་དར་ཐོན་ལས་ཉུང་བས་གདུང་ཆེན་འདེགས་དཀའ་བ་དང། བཟོ་ལས་གོང་དུ་སྤེལ་བར་བརྟན་འཇགས་ཀྱི་ཡུན་ཐུང་ཞིང་སེམས་ཁྲལ་བྱེད་ཡུན་རིང་བའི་གནད་དོན་ཡོད་པ་རེད། ས་གནས་སྤྱི་པའི་ནོར་སྲིད་གཏོང་ཡོང་གི་འགལ་བ་འབུར་དུ་ཐོན་པ་དང། མ་དངུལ་གྱི་རིན་ཐང་བསྟུད་མར་འཕར་བ། བུན་འཛིན་ཚོང་རའི་སྐྱེད་ཀའི་ཚད་འཕར་བ་དང། ཁེ་ལས་ཀྱིས་བུ་ལོན་ལེན་དཀའ་བ་དང་དངུལ་ཁང་གིས་མ་དངུལ་གཏོང་དཀའ་བ་མཉམ་གནས་བྱས་ཡོད་པས། དངུལ་ལོར་ཁྱབ་ཁོངས་སུ་བག་ལ་ཞ་ཡོད་པའི་ཉེན་ཁ་སྣང་མེད་དུ་འཇོག་མི་རུང།

རྒྱལ་ཁབ་ཕྱི་ནང་གི་གོང་སྤེལ་གྱི་གནས་བབ་ལ་ཕྱོགས་བསྡུས་སྒོས་ཚོད་ཞིབ་དང་འཕར་སྣོན་གྱི་སྒུལ་ཤུགས་ལ་དབྱེ་ཞིབ། འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྱུང་འགྱུར་ལ་ལྟ་རྟོག་བྱས་པའི་རྨང་གཞིའི་སྟེང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིབ་འཇུག་གཏན་འཁེལ་བྱས་པའི2018ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བ་སྤྱིའི་མདོ་དོན་ཁོང་དུ་ཆུད་པར་བྱེད་པ་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རང་རྟོགས་ཀྱིས་རྒྱུན་འཁྱོངས་དང། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག “སྒྱུར་བ་བཞི”ཡིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་པར་དམིགས་ནས། ཤུགས་ཡོད་རྒུས་དེང་རབས་དཔལ་འབྱོར་མ་ལག་འཛུགས་པ་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཤུགས་ཡོད་རྒུས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བྱེད་པ་དང། ཤུགས་ཡོད་རྒུས་ཉེན་ཁ་ཆེན་པོ་འགོག་སེལ་དང་གནད་འཁེལ་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པ་དང། ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་ངང་གོང་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཅིང། ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་ལས་གྲྭ་གསར་བ་བསྐྲུན་པར་སྐུལ་འདེད་བཏང་སྟེ། མགོ་རྩོམ་ས་གསར་བའི་སྟེང་དུ་འབྱོར་ཕྱུག་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་སྐྲུན་པའི་རྣམ་པ་གསར་བ་ཤུགས་ཆེན་པོས་བསྐྲུན་རྒྱུ་དེ་ཡིན།

2018ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར7%ཡས་མས་འཕར་བ་དང། སྡོད་དམངས་ཡོངས་ཀྱི་མི་རེས་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ9%འཕར། མཁར་གྲོང་གི་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་ཁྲི6ཇེ་མང་དུ་འགྲོ་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105ཡུལ་གཞན་དུ་སྤོར་ནས་ལས་ཀར་ཞུགས་པ། མཁར་གྲོང་དུ་ལས་ཤོར་གྱི་ཚད་ཐོ་འགོད་བྱས་ཚད3.5%ནང་ཚོད་འཛིན་དང། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་དུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་གཙོ་གྲས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད78%ཡན་ལ་བསླེབ་པ། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་རིགསIVཅན་གྱི་ཆུ་གཤིས་བརྟན་འཇགས་ངང་ཇེ་ལེགས་སུ་གཏང་རྒྱུ་བཅས་ཡིན།

གོང་གི་དམིགས་ཚད་ལས་བརྟན་འཇགས་ཁྲོད་ཡར་རྒྱས་ཡོང་བའི་བྱ་བ་སྤྱིའི་མདོ་དོན་མངོན་ཡོད་ལ། “བརྟན་འཇགས”དང“ཡར་རྒྱས”ཀྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཁོང་དུ་ཆུད་པར་སྔར་བས་དོ་སྣང་བྱས་པ་དང། སྤུས་ཚད་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་པའི་བླང་བྱར་སྔར་བས་དོ་སྣང་བྱས་ཡོད། དམིགས་ཚད་འདི་དག་ལེགས་འགྲུབ་འབྱུང་བར་ད་དུང་ཕྱོགས་མང་པོའི་ཚོད་འཛིན་དང་ངེས་གཏན་མི་ཐུབ་པའི་རྒྱུ་རྐྱེན་གྱིས་འགྲན་སློང་སྲིད་ལ། གནོན་ཤུགས་དང་དཀའ་ཁག་ཇེ་ཆུང་དུ་འགྲོ་མི་སྲིད་པས་དཀའ་སྤྱད་འབད་བརྩོན་བྱ་དགོས།

གསུམ། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་འགན་དང་ཐབས་ཤེས་གཙོ་བོ།

2018ལོར་ང་ཚོས“ལྔ་བཞི་འཐབ་ཇུས”ནན་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གསར་བ་དམ་པོར་འཛིན་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། ཤུགས་འདོན་ས་དངོས་གཉེར་དཔལ་འབྱོར་སྟེང་འཇོག་དགོས་པ་དང། དེང་རབས་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་སྐྲུན་པ་དང། འཕར་ཚད་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་ཁེ་སྐྲུན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བ་སོ་སོར་གཅིག་གྱུར་སྒོས་སྐུལ་འདེད་བཏང་ཐོག དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་སྲུང་འཛིན་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་སྒོས་བྱ་བ་བསྒྲུབས་ནས། “ཏན་ཏན་ཏིག་ཏིག་བཞིར”འཕེལ་རྒྱས་མངོན་གསལ་འབྱུང་བ་དང། “སྒྱུར་བ་བཞིའི”འགག་སྒོ་གསར་བ་གཏོར་བར་ཁག་ཐེག་བྱས་ཏེ། “འགྲོས་མཉམ་གཅིག་དང་སྔར་བས་བཞི”མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་བ་དང་རང་འགུལ་སྔར་ལས་ཆེན་པོ་ཐོབ་པར་བྱ་དགོས།  

(མུ་འགོད།)