མཚོ་སྔོན་གྱིས་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་དང་འབྲེལ་བའི་དཔང་ཡིག་སྐོར་གྱི་དོན་གནད་ཁག་177མེད་པ་བཟོས་པ།

ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་ཤང་གྲོང་(ཁྲོམ་གཞུང)དང་། གྲོང་ཚོ་(སྡེ་ཁུལ)རིམ་པ་གཉིས་ཀྱི་གཞི་རིམ་རྩ་འཛུགས་ཀྱིས་བྲིས་པའི་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་དང་འབྲེལ་བའི་དཔང་ཡིག་སྐོར་གྱི་དོན་གནད་ཁག་177མེད་པ་བཟོས་པ་རེད།

མང་ཚོགས་ལ་དཀའ་རྙོག་བཟོ་བའི“ཁྱད་མཚར་བའི”དཔང་ཡིག་དང་། རེས་འཁོར་དཔང་ཡིག བསྐྱར་ཟློས་དཔང་ཡིག་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་“དཔང་ཡིག་སྤྲོད་ཉུང་དུ་གཏོང་བའི་དམངས་ཕན”བྱ་སྤྱོད་སྤེལ་བ་རེད། ད་ཐེངས་དཔང་ཡིག་སྐོར་གྱི་དོན་གནད་ཁག་177མེད་པ་བཟོས་པའི་ཁྲོད་ནས་གཞི་བཅོལ་ས་མེད་པ་དང་གཉེར་ལུགས་སྟབས་བདེའི་དཔང་ཡིག་ཁག་90མེད་པ་བཟོས་པ་དཔེར་ན། མཐོ་རྒྱུགས་ནང་ཞུགས་པའི་དཔང་ཡིག་དང་། རྒྱུན་སྡོད་མི་སྣའི་དཔང་ཡིག ལུས་ཕྱིར་རྨས་སྐྱོན་བྱུང་བའི་དཔང་ཡིག་སོགས་རེད། དེའི་ནང་ནས་ཁག་5ནི་སྡེ་ཁུལ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་(གྲོང་ཚོ)གིས་འབྲི་ཐབས་མེད་པ་ནི་དཔེར་ན། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྐྱེལ་བའི་དཔང་ཡིག་དང་། རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དཔང་ཡིག་བཅས་ཡིན་པས་དེ་དག་སྤྱི་ཚོགས་འགན་བཅོལ་ཅུས་སུ་འབྲི་བར་བསྐྱོད་རྒྱུར་ལེགས་སྒྲིག་བྱས་ཡོད། དེའི་ནང་ནས་ཁག་19ནི་སྡེ་ཚན་ནང་ཁུལ་གྱིས་བརྟག་དཔྱད་བྱེད་པའམ་ཡང་ན་ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་བརྒྱུད་ནས་གཉེར་ཆོག་པ་དཔེར་ན། གཞིས་ལུས་བྱིས་པའི་དཔང་ཡིག་དང་། གཉེན་སྒྲིག་བསྐྱར་མའི་དཔང་ཡིག བུ་ཕྲུག་མེད་པའི་དཔང་ཡིག་སོགས་ཡིན་པས་དེ་དག་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་མ་ལག་ནང་རྩད་ཞིབ་དང་ཡང་ན་སྡེ་ཚན་རང་ངོས་ཀྱིས་བརྟག་དཔྱད་བྱ་རྒྱུར་ལེགས་སྒྲིག་བྱས་ཡོད། དེའི་ནང་ནས་ཁག་63ནི་འདུན་ཞུ་འབུལ་མཁན་གྱིས་མཁོ་འདོན་བྱས་པའི་ནུས་ལྡན་དཔང་ཡིག་དང་དཔང་འཛིན་ལ་གཞིགས་ནས་གཉེར་ཆོག་པ་དཔེར་ན། སློབ་ཞུགས་དཔང་ཡིག་དང་། ཁྱིམ་ཚང་དབུལ་པོའི་དཔང་ཡིག སློབ་མའི་སློབ་སྐྱོར་རོགས་དངུལ་འདུན་ཞུའི་དཔང་ཡིག་སོགས་རེད།

མཚོ་སྔོན་ཞིང་ཆེན་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཞུང་ལས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔོན“དཔང་ཡིག་སྤྲོད་ཉུང་དུ་གཏོང་བའི་དམངས་ཕན”གྱི་འབྲེལ་ཡོད་བརྟག་ཞིབ་བྱེད་སྐབས་སྡེ་ཁུལ་གཅིག་གིས་ལོ་རེར་ཆ་སྙོམས་དཔང་ཡིག་700ལྷག་ཙམ་སྤྲོད་དགོས་ཀྱི་ཡོད། དེའི་ཁྲོད་ལུགས་དང་མ་མཐུན་པའི་དཔང་ཡིག་ཁག་གཅིག་ཡོད་པ་ནི་དཔེར་ན། “ང་ནི་ང་ཡིན་པ”དང་། “‘དཔང་ཡིག’ནི་དཔང་ཡིག”ངོ་མ་ཡིན་པ”“ཡིད་གཟབ་མ་བྱས་རྐྱེན་ཁྱིམ་དུ་རྨས་སྐྱོན་བྱུང་བ”སོགས་ཀྱི་གནས་ཚུལ“ཁྱད་མཚར་བའི”དཔང་ཡིག་འབྲི་དགོས་པ་ཤེས་རྟོགས་བྱུང་ཡོད། “དཔང་ཡིག་སྤྲོད་ཉུང་དུ་གཏོང་བའི་དམངས་ཕན”བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་ལས་སྒྲུབ་ཐད་སྟབས་བདེ་སྐྲུན་པ་མ་ཟད། གྲོང་ལྷན་དང་སྡེ་ཁུལ་གྱི་ཁུར་པོ་ཡང་ཡང་དུ་འགྲོ་ཐུབ་པ་བྱུང་ཡོད།