ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་སྐད་འཕྲིན་ལས་ལོ་ཚོང་རྒྱག་དུས་དྲ་ལམ་བརྒྱུད་ཚོང་གི་མགོ་སྐོར་གཏོང་བར་ཡིད་འཇོག་བྱེད་དགོས་པའི་དྲན་སྐུལ་གནང་འདུག

སྐད་འཕྲིན ལོ་ཚོང དྲ་ཐོག་བརྒྱུད་ཚོང

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་གསར་སླེབས་ལ་ཉེ་བའི་བབ་དང་བསྟུན་ནས་ཚོང་ཟོག་འཛད་སྤྱོད་བྱེད་མཁན་ཤིན་ཏུ་མང་བས། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་དྲ་ཐོག་ལྟ་སྐུལ་ཁྲུའུ་ཡིས་འཛད་སྤྱོད་པས་སྐད་འཕྲིན་ལས་ལོ་ཚོང་རྒྱག་སྐབས་གྲོགས་ཚོམས་སུ་བསྐུར་བའི་རྣམ་པ་གང་རུང་གི་དྲ་ཐོག་བརྒྱུད་ཚོང་གི་གཡོ་འོག་ཏུ་ཚུད་པར་འགོག་ཟོན་བྱ་ཆེད། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་གཤམ་གྱི་བརྒྱུད་ཚོང་བྱེད་སྟངས་རིགས་བཞི་ཕྱོགས་ལ་གཟབ་གཟབ་བྱེད་དགོས་པའི་དྲན་སྐུལ་གནང་བྱུང་།

གཅིག  ཉོ་ཚོང་འཁྲུག་ཆ་ཆེ་བ་འུད་བརྗོད་བྱེད་པ།

སྐད་འཕྲིན་བརྒྱུད་ཚོང་མཁན་གྱིས་རང་གི་ཚབ་ཚོང་ཐོན་རྫས་ཀྱི་ཚོང་བྲིན་རྒྱུགས་ཆེ་ལ་འཁྲུག་པོ་ཡོད་ཚུལ་འུད་བརྗོད་བྱེད་པ་དང་། ལན་རེར་ཕྱུག་པོ་ཡིན་མདོག་གྱི་ལབ་ཡང་རྒྱག་ངེས་པ་མ་ཟད།  གྲོགས་ཚོམས་སུ་དཔང་ཡིག་འདྲ་མིན་དང་།  ཚོང་རྒྱུགས་གྲངས་འབོར་དང་ཕ་རོལ་ལ་ཚོང་ཟོག་བསྐུར་བའི་དུས་ཚོད་དང་ས་གནས། ཟོག་བསྐུར་ཨང་རྟགས་སོགས་བསྐུར་ནས་རྒྱུ་འབྱོར་ངོམ་སོ་བྱེད་སྲིད་པ་དང་། ཐ་ན་སྲིད་གཞུང་གི་རོགས་སྐྱོར་དང་རྣམ་གྲངས་གཙོ་བོ། ཀྲུང་དབྱང་པུའུ་ཨུ་ལ་སོགས་པའི་ཆོག་མཆན་ཐོབ་ཡོད་ཚུལ་འུད་བརྗོད་བྱས་ཏེ་མགོ་གཡོག་མགོ་སྐོར་གཏོང་བ་ཡིན།

གཉིས། ཚོང་ཟོག་ཉོས་རྗེས་དངུལ་དམར་ལེན་རྒྱུ་ཡོད་ཚུལ་འུད་བརྗོད་བྱེད་པ།

སྐད་འཕྲིན་བརྒྱུད་ཚོང་གིས་དུས་རྒྱུན་ངོ་སྣུམ་དང་སྐག་རྫས།  ཞལ་གཟུགས་ཡག་ཆས།  གཡང་ཊི་ལ་སོགས་རིགས་ཀྱི་ཚོང་རྫས་འོས་སྦྱོར་བྱེད་པ་ཡིན། གཙོ་བོ་ཚོགས་མིར་གྱུར་ན་གོང་བདེ་ཉོ་ཚོང་རྒྱག་ཐུབ་པ་དང་། སྐད་འཕྲིན་གྱི་གྲོགས་ཚོམས་སུ་བསྐུར་ན་དངུལ་དམར་ལེན་རྒྱུ་ཡོད་པ་ལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་དེ་ལས་མང་པོ་ནང་འགུགས་བྱེད་པ་ཡིན།  སྐད་འཕྲིན་བརྒྱུད་ཚོང་འདི་དག་གིས་ཐད་ཀར་ཚོགས་པའི་ནང་ཞུགས་ལ་གྲོན་དངུལ་དགོས་ཚུལ་བཙན་སྐུལ་མི་བྱེད་རུང་། ཚོང་ཟོག་ཉོ་སྒྲུབ་ཀྱི་མཚམས་ལ་སླེབས་དུས་ངེས་པར་དུ་ཚབ་ཚོང་གི་ཐོབ་ཐང་ཡོད་དགོས་པའི་ཆ་རྐྱེན་འདོན་ངེས་པ་རེད།  གལ་ཏེ་ཚབ་ཚོང་དུ་གྱུར་རྗེས་ཚབ་ཚོང་གི་རིམ་པར་འགྱུར་སྲིད།   

གསུམ།  མ་དངུལ་ཉུང་ངུ་བཏང་ཡང་ཁེ་ཕོགས་ཆེན་པོ་ཡོད་ཚུལ་འུད་བརྗོད་བྱེད་པ།

མ་རྩ་ཉུང་ངུ་བཏང་ན་ཚོགས་པར་ཞུགས་ཐུབ་པ་དང་། ཚོགས་པར་ཞུགས་རྗེས་བརྒྱུད་ཚོང་གི་ཚོང་རྫས་ཕྱིར་ཚོང་དང་། ཐབས་རྒྱ་ཇུས་སྟོང་གིས་ཚབ་ཚོང་བ་ནང་འགུགས་ལ་བརྟེན་ནས་ཚོགས་མིར་འཇུག་ཅི་ཐུབ་བྱས་ན་ལམ་སང་ཕོགས་སྣོན་ཡོད་པའི་སྒོར་མོ་མང་པོ་མགྱོགས་པོར་བཙལ་ཐུབ།   ཚོང་རྫས་ཉོས་པ་ཙམ་གྱིས་ཚོགས་མིའི་ཐོབ་ཐང་ལེན་ཐུབ་པ་དང་། ཚོགས་མིར་གྱུར་རྗེས་སྐད་འཕྲིན་ནང་དྲ་གནས་བསྐུར་ཆོག་པ། དྲ་གནས་དེ་ལས་ཚོང་ཁང་དེའི་བཏོན་པའི་དངོས་ཟོག་གང་རུང་ཉོས་ཆོག་པ་དང་། གལ་ཏེ་གཞན་ལ་བསྐུར་ནས་མཉམ་སྤྱོད་ཐུབ་ཚེ་འཛད་སྤྱོད་ཁེ་སྤོགས་ཀྱི་ཡོང་འབབ་མཐོ་ཤོས་ཐོབ་སྲིད་པ།  དེ་བཞིན་དུ་ཚོགས་མིས་ཚབ་ཚོང་གི་ལས་ཡང་སྒྲུབ་ཆོག་པ་མ་ཟད།   ནང་འགུགས་བྱས་པའི་ཚོགས་མིས་བརྒྱུད་ཚོང་ལས་ཁེ་སྤོགས་ཡང་ལེན་ཐུབ་པ་སོགས་འུད་བརྗོད་བྱེད་པ་རེད།   དེ་ལྟར་རིམ་པ་བཞིན་རང་གི་བརྒྱུད་ཚོང་ནང་འགུགས་ཀྱི་དཔུང་སྡེ་ཇེ་ཆེར་ཇི་ལྟར་སོང་ན་དེ་དག་གི་ཕོགས་དངུལ་དེ་ཐད་ཀར་གཡོ་ཚོང་གི་བྱེད་སྤྱོད་ལ་འབྲེལ་བ་ཡོད་པས་སོ། །

       བཞི།  རིན་མེད་ཐོབ་ཆ་ཡོད་ཚུལ་འུད་བརྗོད་བྱེད་པ།

འཛད་སྤྱོད་འཕར་ཐང་ལ་ཁ་གཡར་ནས་འཛད་སྤྱོད་པས་སྒོར་མོ་མ་བཀོལ་ཡང་ཚོང་རྫས་ཉོས་ཆོག་པ་དང་། འཛད་སྤྱོད་བྱས་ན་མ་དངུལ་གསོག་འཇོག་དང་ཁྱད་མེད་ལ་རིན་མེད་དང་གཅིག་མཚུངས་ཡིན་པ།  འཛད་སྤྱོད་སྒོར་༥༠༠ལོངས་ན་སྒོར་༥༠༠ཕྱིར་སློག་ངེས་པ་ལ་སོགས་ཀྱི་བསླུ་བྲིད་གཏོང་བ་ཡིན།

གོང་གསལ་གྱི་གནས་ཚུལ་འདིར་གཞིགས་ནས་བཟོ་ཚོང་ཁྲིམས་འཛིན་པས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ། གལ་ཏེ་སྐད་འཕྲིན་ཐོག་ཁྲིམས་འགལ་གྱི་བྱེད་སྤྱོད་དང་བསླུ་བྲིད་ཀྱི་ཚོང་གཉེར་སྟངས་རིགས་འདི་དག་དང་འཕྲད་ན།  བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཡར་ཞུའམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱས་ཆོག་པའི་དྲན་སྐུལ་གནང་འདུག

ལོ་ཙཱ་བ། ཁོན་ཐར་འཚོ།