སློབ་གསོ་པུའུ་ཡིས་ད་ལོའི་མཐོ་རྒྱུགས་བཅོས་སྒྱུར་གྱི་ཚོད་ལྟའི་ཇུས་གཞི་འདོན་འཆར་ཡོད་པ།

སློབ་གསོ་པུའུ་ཡིས་༢༠༡༨ལོའི་ལས་ཀ་གཙོ་གནད་ཕྱིར་བསྒྲགས་ཤིང་། དེའི་ནང་ད་ལོའི་སློབ་ཆེན་སློབ་བསྡུའི་ཆེད་ལས་འདེམས་པའི་རྒྱུགས་ལེན་རིག་ཚན་ལམ་སྟོན་ཕྱིར་བསྒྲག་འཆར་ཡོད་ཚུལ་བཀོད་འདུག 

སློབ་གསོ་པུའུ་གཞུང་ཕྱོགས་དྲ་བས་ཉེ་ལམ་༢༠༡༨ལོའི་ལས་ཀ་གཙོ་གནད་ཕྱིར་བསྒྲགས་ཤིང་། དེའི་ནང་པེ་ཅིང་ཚུད་པའི་ཚོད་ལྟ་བྱ་ཡུལ་ཞིང་ཆེན་སྐོར་ཁག་གཉིས་པར་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི་གཏན་ལ་འབེབ་རྒྱུ་དང་ཆབས་ཅིག 《  བུ་བཅོལ་སློབ་གསོའི་བཅའ་ཁྲིམས་》མ་ཡིག་དང་།  《སློབ་གྲྭའི་ལོ་ན་མ་སོན་པའི་སློབ་མ་སྲུང་སྐྱོང་སྐོར་གྱི་གཏན་འབེབས》ཀྱི་མ་ཡིག་འབྲི་བ་སོགས་ལས་ཀ་གཙོ་གནད་གྲས་སུ་བཞག་ཡོད་པ་རེད།

 ༢༠༢༠ལོར་པེ་ཅིང་གྲོང་ཁྱེར་གྱིས་མཐོ་རྒྱུགས་གསར་བ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ད་སྔའི་མཐོ་གཅིག་སློབ་མ་ནི་མཐོ་རྒྱུགས་གསར་བ་ལེན་མཁན་གྱི་སློབ་མ་སྐོར་དང་པོ་རེད།  མཐོ་རྒྱུགས་གསར་བ་དེར་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་གི་ཚན་ཁག་ཅེས་སོ་སོར་མི་འབྱེད་པར།  སྐད་ཡིག་དང་གྲངས་རིག  ཕྱི་སྐད་གསུམ་ངེས་པར་དུ་རྒྱུགས་ལེན་དགོས་པ་ཕུད།  སློབ་མའི་ཡིད་སྨོན་བྱེད་སའི་སློབ་ཆེན་དང་ཆེད་ལས་ཀྱི་རེ་བ་གཞིར་བཟུང་ནས་བསམ་བློ་ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས། དངོས་ལུགས། རྫས་འགྱུར་རིག་པ། སྐྱེ་དངོས་བཅས་རིག་ཚན་༦ལས་གསུམ་འདེམས་ནས་རྒྱུགས་བླངས་ཆོག་པ་རེད།  

ལས་ཀ་གཙོ་གནད་ཀྱི་ཁྲོད་དུ།  པེ་ཅིང་དང་ཐིན་ཅིན།  ཧྲན་ཏུང་། ཧའེ་ནན་སོགས་ཚོད་ལྟའི་ཞིང་ཆེན་སྐོར་ཁག་གཉིས་པས་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི་གཏན་ལ་འབེབ་པར་སློབ་སྟོན་བྱས་ཏེ།  《སློབ་ཆེན་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཆེད་ལས་འདེམས་པའི་རིག་ཚན་རྒྱུགས་ལེན་གྱི་བླང་བྱའི་ཁྲིད་སྟོན(ཚོད་ལྟའི་ཚུལ་དུ་ལག་བསྟར)》ཁྲབ་བསྒྲགས་དང་། སློབ་ཆེན་གྱིས་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་སའི་ཞིང་ཆེན་གྱི་ཆེད་ལས་འདེམས་པའི་རིག་ཚན་རྒྱུགས་ལེན་གྱི་བླང་བྱར་ཁྲིད་སྟོན་བྱ་རྒྱུ་བཀོད་ཡོད། 

གཞན་ཡང་ད་ལོར་འབྲིང་རྒྱུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་ས་གནས་ཀྱི་འབྲིང་རྒྱུགས་བཅོས་སྒྱུར་གནས་ཚུལ་རྗེས་འདེད་ཀྱི་ལམ་ལུགས་དང་།  ཕྱི་སྐད་ནུས་པ་དཔྱད་བསྡུར་ཚད་ལེན་མ་ལག་བཅས་གཟུག་པར་སྐུལ་འདེད་གཏང་རྒྱུ་ཡང་བཀོད་ཡོད་པ་རེད།

 དེ་མ་ཟད་ལས་ཀ་གཙོ་གནད་ནང་དུ།  ད་ལོར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཐད་ལོ་ལྔའི་འཆར་གཞི་བཟོ་རྒྱུ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཚན་བཟོ་བཅོས་ལ་རྟོག་ཞིབ་ཀྱི་འགོ་བསླང་ནས་འོས་འགན་སློབ་གསོའི་ཀུན་སྤྱོད་དང་ཁྲིམས་སྐྱོང་། སྐད་ཡིག  ལོ་རྒྱུས་གསུམ་གྱི་བསླབ་གཞི་གོ་རིམ་མ་འཆོར་བར་གཅིག་གྱུར་ཐོག་ཟབ་སྦྱོང་བྱས་ཏེ།  ༢༠༡༨ལོར་སློབ་ཆུང་དང་སློབ་འབྲིང་གི་ལོ་རིམ་དང་པོ་དང་གཉིས་པར་ཡོངས་སུ་ཁེབས་ཐུབ་པ་བྱ་རྒྱུ།  མཐོ་འབྲིང་དཀྱུས་མའི་བསམ་བློ་ཀུན་སྤྱོད་དང་། སྐད་ཡིག ལོ་རྒྱུས་བཅས་ངེས་པར་དུ་སྦྱོང་དགོས་པའི་བསླབ་གཞིར་མགྱོགས་པོར་བཟོ་བཅོས་བརྒྱབ་ནས་༢༠༡༨ལོའི་སྟོན་དུས་ཀྱི་སློབ་སྐབས་ཚོགས་དུས་སུ་བཀོལ་སྤྱོད་ཐུབ་པ་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡང་བཀོད་འདུག །

ལོ་ཙཱ་བ། ཁོན་ཐར་འཚོ།