ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་ལོའི་ལོ་གསར་བསུ་བར་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ2པའི་ཚེས་6ཉིན།  ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས།  མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀུའུ་ཧྲན་གྲོང་རྡལ་ཚའེ་ཙི་ཝན་གྲོང་ཚོ་རུ་“རྒྱ་ལོའི་ལོ་གསར་བསུ་བར་དྲོ་སྐྱིད་དང་སྨོན་འདུན་བསྐྱལ་བ”ཞེས་པའི་ལོ་གསར་ཤིས་ཚིག་དང་འོས་འགན་སྨན་བཅོས་སོགས་མང་ཚོགས་དབུལ་པོར་འཚམས་འདྲི་གནང་བའི་བྱེད་སྒོ་སྤེལ་བ་རེད།  

བྱེད་སྒོའི་ཡུལ་དངོས་སུ།   ཡིག་གཟུགས་མཁས་ཅན་ཚོས་ཡུལ་དངོས་སུ་ལོ་གསར་ཤིས་ཚིག་བྲིས་ནས་རང་ཉིད་ཀྱི་སྨོན་འདུན་བཟང་པོ་དེ་ཡུལ་དངོས་ཀྱི་མང་ཚོགས་ལ་གནང་བ་རེད། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྨན་པ་ཡིས་བརྟག་དཔྱད་སྒྲིག་ཆས་བཟུང་ནས་གྲོང་མིར་བདེ་ཐང་སློབ་གསོའི་དཔྱད་གཞིའི་ཡིག་ཆ་སྤྲད་པ་དང་།  གྲོང་མིའི་བཤད་པའི་གནས་ཚུལ་ལྟར་འོས་འགན་སྨན་བཅོས་དང་སྨན་སྦྱིན་གནང་བ་མ་ཟད།  ཁྲག་ཤེད་དང་ཁྲག་མངར་སོགས་ཚད་ལེན་བྱས་ཏེ་གྲོང་ཚོ་དེ་གའི་མང་ཚོགས་ལ་དྲོ་སྐྱིད་དང་བདེ་ཐང་བསྐྱལ་བ་རེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་པས་རང་རང་གི་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་ལ་འཚམས་འདྲིའི་དངོས་པོ་སྤྲད་པ་དང་། རོགས་སྐྱོར་བྱ་ཡུལ་གྱི་འཚོ་བ་དང་ལུས་ཕུང་གི་གནས་ཚུལ་ཁམས་བཟང་འདྲི་བ་དང་རྒྱ་ལོའི་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་དམངས་འཚོར་ཞབས་འདེགས་ཞུ་བ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།  བྱེད་སྒོ་སྔ་དྲོའི་ཆུ་ཚོད་10ནས་ཕྱི་དྲོའི་ཆུ་ཚོད4བར་སྤེལ་ཞིང་། ལོ་གསར་གྱི་ཤིས་ཚིགས་500ལྷག་བྲིས་པ་དང་།  ནད་པ400ལྷག་ལ་རྟག་དཔྱད་བྱས།  མི150ལྷག་ལ་འོས་འགན་སྨན་བཅོས་བྱས་པ་དང་།  དྲིལ་བསྒྲགས་དཔྱད་ཡིག300ལྷག་ཙམ་དང་སྒོར2000ལྷག་གི་སྨན་རྫས་གནང་།   ཁྱིམ་ཚང་དབུལ་བོ་30ལ་འཚམས་འདྲིའི་སྒམ30བསྐྱལ་བཅས་རིན་ཐང་སྒོར་9000ལྷག་ཙམ་གྱི་ནང་སྦྱིན་བཏང་བ་རེད།  

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།