རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་གློག་རྫས་རིམ་པའི་ཐན་སྐྱུར་ལི་ཡི་རྣམ་གྲངས་དེ་མཚོ་སྔོན་དུ་འཛུགས་བསྐྲུན་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་གློག་རྫས་རིམ་པའི་ཐན་སྐྱུར་ལི་ཡི་རྣམ་གྲངས་དེ་མཚོ་སྔོན་པོ་ཚྭ་མཚོའི་པུ་ཡ་ཏེ་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟིས་ཏུན་ཁྲི3ལྷག་གི་གློག་རྫས་རིམ་པའི་ཐན་སྐྱུར་ལི་ཡི་རྣམ་གྲངས་དང་། མཚོ་སྔོན་པོ་ཚྭ་མཚོ་འོད་སྟོང་ཚན་རྩལ་གྱིས་ལི་རིགས་ཀུང་ཟིས་གློག་རྫས་རིམ་པའི་ཐན་སྐྱུར་ལི་རྣམ་གྲངས་ཏུན་ཁྲི2ལྷག་ཐོན་སྐྱེད་བྱེད་པའི་ལས་ཀ་དངོས་སུ་འགོ་བརྩམས་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཚོ་སྔོན་པོ་ཚྭ་མཚོའི་པུ་ཡ་ཏེ་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟིས་གློག་རྫས་རིམ་པའི་ཐན་སྐྱུར་ལི་རྣམ་གྲངས་ཏུན3དང་མཚོ་སྔོན་པོ་ཚྭ་མཚོ་འོད་སྟོང་ཚན་རྩལ་ལི་རིགས་ཀུང་ཟིས་གློག་རྫས་རིམ་པའི་ཐན་སྐྱུར་ལི་ཡི་རྣམ་གྲངས་ཏུན་ཁྲི2སྟེ་ཐན་སྐྱུར་ལི་ཏུན3+2གྱི་རྣམ་གྲངས་ཐད་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར80ལྷག་ལ་ཉེ་བ་བཏང་ཞིང་། ཚོད་དཔག་སྔོན་རྩིས་ཀྱི་འཛུགས་བསྐྲུན་དུས་ཡུན་ནི་ལོ་གཅིག་དང་ཕྱེད་ཀ་ཡས་མས་ཡིན་ལ། དེའི་ཁར་ད་ལྟ་ཡོད་པའི་ཐན་སྐྱུར་ལི་ཡི་ཐོན་ལས་ཏུན་ཁྲི1བསྣན་ན་སྐབས་འདིར་ཚྭ་མཚོ་མ་རྐང་གིས་ལོ་རེར་ཐན་སྐྱུར་ལི་ཏུན་ཁྲི6ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་ལ། རྣམ་གྲངས་དེར་མ་དངུལ་བཏང་རྗེས་ལོ་མཇུག་གི་ཐོན་རྫས་ཀྱི་རིན་གོང་སྒོར་དུང་ཕྱུར45ལ་འབུད་རྒྱུ་ཡིན་པ་རེད། རྣམ་གྲངས་དེ་བདེ་བླག་ངང་ལག་བསྟར་བྱས་པ་དེས་མཚོ་ནུབ་ཁུལ་དང་ཚྭ་འདམ་གཞོངས་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟའི་ས་ཁུལ་དུ་སྒོར་དུང་ཕྱུར་སྟོང་གཅིག་ལྷག་གི་ལི་ཡི་ཐོན་རྫས་ཚོགས་སྤྱི་གསར་བཟོ་བྱེད་པར་ཤུགས་བསྣན་ནས་རྒྱལ་ཁབ་ཕྱི་ནང་གི་ལི་ཡི་གློག་རྫས་རྒྱུ་ཆ་དང་ལི་ཚྭ། ལི་འདུས་ལྕགས་སོགས་འབྲེལ་ཡོད་རྒྱུ་ཆ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ལི་ཐོན་རྫས་ཐོན་སྐྱེད་བྱ་བའི་རྟེན་གཞི་གལ་ཆེན་དུ་འགྱུར་བའི་ཐད་ལ་ཡང་དོན་སྙིང་གལ་ཆེན་ལྡན།

ལོ་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཚྭ་མཚོ་མ་རྐང་སྡེ་ཚོགས་ཀྱིས་ཅ་འདུས་ལི་བཙོ་སྦྱོང་བྱ་བ་དེ་མ་བཅོས་རྒྱུ་ཆའི་རྨང་གཞིར་བཟུང་ནས་གློག་རྫས་རིམ་པའི་ཐན་སྐྱུར་ལི་ཡི་ཐོན་སྐྱེད་རིམ་པ་དང་ཆུ་མེད་ལིས་འགྱུར་ལི་ཡི་ཐོན་སྐྱེད་རིམ་པ། གློག་རྫས་རིམ་པའི་ཆིང་དབྱིང་ཐོན་སྐྱེད་རིམ་པ་སོགས་རྣམ་གྲངས་གལ་ཆེན་གྱི་གཞི་འཛིན་ས་བྱས་ཏེ། ཤུགས་ཆེན་པོས3+2གི་ལི་ཚྭའི་རྣམ་གྲངས་ལག་བསྟར་བྱས་ཤིང་། མགྱོགས་མྱུར་སྒོས་ལི་ཚྭའི་ཐོན་རྫས་དེ་ལོ་གཅིག་གི་ནང་ཏུན་ཁྲི6ལ་འབུད་པ་མངོན་འགྱུར་བྱས་ཤིང་། ལི་ལེབ་མོའི་ཐོན་རྫས་ཡོངས་འགྲུབ་ཀྱིས་སྐྱེ་ཁམས་མེ་དང་ལི། ཅ་བཅས་འདུས་པའི་ཐོན་ལས་ར་བའི་ཀུང་ཟིའི་འཐབ་ཇུས་དམིགས་འབེན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པར་ཐོན་ལས་ཀྱི་རྒྱབ་རྟེན་ངེས་ཅན་ཞིག་ལྡན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།