རང་ཞིང་གིས་རྒྱལ་དབང་ས་ཞིང་ལྗང་སྒྱུར་གྱི་ལས་ཀ་དེ་ལོ་གསུམ་གྱིས་ཇེ་མགྱོགས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཞིང་གིས་རྒྱལ་དབང་ས་ཞིང་ལྗང་སྒྱུར་ལོ་གསུམ་ཇེ་མགྱོགས་སུ་བཏང་བའི་འཆར་འགོད་གཞིར་བཟུང་། ༢༠༢༠ལོར་སླེབས་རག་བར་དུ་ནགས་ལས་ཐད་མ་དངུལ་དུང་ཕྱུར༡༥༠ཡན་བཏང་ནས་རྒྱལ་དབང་ས་ཞིང་མུའུ་ཁྲི༡༢༠༠ཡོངས་སུ་ལྗང་སྒྱུར་མཐར་ཕྱིན་ཐུབ་དགོས་པ་དང་།   ཞིང་ཆེན་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་དུང་ཕྱུར༡.༦༥བདག་བཟུང་དང་། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་༧.༥ལ་སླེབས་ཐུབ་པ་བྱ་རྒྱུ་བཅས་ནི་ཟླ༢བའི་ཚེས༧ཉིན་ལ་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནགས་ལས་བྱ་བའི་གྲོས་ཚོགས་ཐོག་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།

        ● ས་མུའུ་ཁྲི༤༠༠ལ་ནགས་ཤིང་འདེབས་འཛུགས་ཐུབ་པར་བརྩོན་ལེན་བྱ་རྒྱུ།

དམིགས་འབེན་རླབས་ཆེན་འདི་མངོན་དུ་འགྱུར་ཆེད་ལ། ད་ལོར་རང་ཞིང་གིས་ནགས་ལས་ཐད་མ་དངུལ་དུང་ཕྱུར༣༨ཡན་བརྩོན་ལེན་བྱས་ཏེ།  ས་མུའུ་ཁྲི༤༠༠ཡན་ལ་ནགས་གཟུག་རྒྱུ་དང་།  ནགས་ཚལ་དང་། ན་འདམ། བྱེ་ཁུལ་གྱི་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་བཅས་ལ་བདག་སྐྱོང་ཡག་པོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏང་རྒྱུ།  ས་མུའུ་ཁྲི༤༠༠ལྗང་སྒྱུར་བྱ་བའི་དམིགས་འབེན་ལས་ཀུན་གྱི་ལྟེ་བར་བཟུང་སྟེ།   བྱང་གསུམ་(西北﹑华北﹑东北)གནོད་འགོག་ནགས་ཚལ་དང་། རྨོ་བསྐྱར་ནགས་འདེབས། བྱེ་འགོག་བྱེ་བཅོས་ལ་སོགས་ནགས་ལས་ཀྱི་ལས་གཞི་གཙོ་བོ་གཅིག་གྱུར་ཐོག་སྐུལ་འདེད་གཏང་རྒྱུ་དང་།  ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་པའི་ཚོད་ལྟའི་ལས་ཀ་འགོ་བསླང་རྒྱུ། ཟི་ལིང་གནམ་གྲུ་ཐང་ཉེ་འཁོར་གྱི་ས་མུའུ་ཁྲི༣སྤུས་ཚད་ཡོད་པའི་སྒོ་ནས་ལྗང་སྒྱུར་བྱ་བའི་ལས་འགན་འགྲུབ་ཏུ་འཇུག་རྒྱུ། ཟི་ལིང་གི་ལྷོ་རི་དང་བྱང་རི་ལྗང་སྒྱུར་གྱི་དུས་སྐབས་གསུམ་པའི་ལས་གཞི་འགྲུབ་པར་བརྩོན་ལེན་བྱ་རྒྱུ།

གཞན་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ། ནགས་ཚལ་ཞིང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ད་ལོར་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་༢ནས་༣དང་།  ནགས་ཚལ་ཞིང་སྡེ་༥ནས༡༠གསར་དུ་གཟུག་རྒྱུ། འོས་འགན་ནགས་འཛུགས་ཀྱི་འགན་སྒྲུབ་རྣམ་པ་གསར་དུ་བཏོད་དེ།  དྲ་སྦྲེལ་དང་དམངས་ཡོངས་འོས་འགན་ནགས་འཛུགས་གཉིས་ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་ནས་འོས་འགན་སྡོང་རྐང་ཁྲི༡༥༠༠ཡན་འཛུགས་ཐུབ་པར་འགན་ལེན་བྱ་རྒྱུ།  དེ་དང་མཉམ་དུ་བཀག་སྡོམ་སྲུང་སྐྱོང་གི་ཁྱབ་ཁོངས་སྔར་བས་རྒྱ་བསྐྱེད་དེ། རྒྱལ་ཁབ་ཀྱི་བྱེ་ས་བཀག་སྡོམ་སྲུང་སྐྱོང་ཁུལ་གསར་བ་མང་རའི་ཀླུ་ཚང་དང་། ལན་ཧུའུ་མཚེའུ་སྲིད་འཛིན་ཨུ་ལྷན་གཉིས་འཛུགས་པའི་འོས་འགན་འགྲུབ་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་༨དང་། རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ༥འཛུགས་སྐྲུན་གྱི་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ།

 ● རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་བཟང་བོ་སྐོར་ཞིག་ཕྱིར་བསྒྲག་རྒྱུ།

རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་མགྱོགས་པོར་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཕན་ཚུན་མཐུན་སྦྱོར་གྱིས་དོ་དམ་མཉམ་བྱེད་ལམ་ལུགས།    སྣོད་བཅུད་ལྟ་སྐུལ་ཚད་འཇལ་དང་སྔོན་བརྡའི་མ་ལག་བཅས་འཐུས་ཚང་ཞིག་བཙུགས་ནས་ཐབས་ཤེས་རང་བཞིན་གྱི་སྲུང་སྐྱོང་ཁུལ་འཛུགས་གཉེར་ལ་སྐུལ་འདེད་བཏང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་དེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པར་བརྩོན་ལེན་བྱ་རྒྱུ།  གླེང་རིན་ཡོད་པ་ཞིག་ལ།  གཅན་གཟན་གསའ་སོགས་ཉམས་ཉེན་ཆེ་བའི་རི་དྭགས་རྩ་ཆེན་རིགས་ལ་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་ཆེད་དོན་ལས་འགུལ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་རྟོག་ཞིབ་ཐེངས་གཉིས་པ་བྱས་པའི་ལས་འགན་ཡོངས་སུ་གྲུབ་ཡོད་པས། རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་བཟང་བོ་སྐོར་ཞིག་ཁྱབ་བསྒྲགས་བྱས་རྗེས།  སྲོག་ཆགས་དེ་དག་ལ་གནོད་འཚེ་ཕོག་པར་ཁ་གསབ་ཡོད་པ་གཞི་བྱས་གནོད་འཚེའི་ཉེན་འགོག་འགན་ལེན་གྱི་ལམ་ལུགས་ཚོད་ལྟ་ཧུར་ཐག་བྱ་རྒྱུ།

        ● ཞིང་ཆེན་ཡོངས་ཀྱི་ན་འདམ་གལ་ཆེན་གྱི་མིང་ཐོ་ཕྱིར་བསྒྲག་རྒྱུ།

           ན་འདམ་གྱི་རྒྱ་ཁྱོན་སྤྱིའི་གྲངས་འབོར་དོ་དམ་ཚོད་འཛིན་བྱེད་པའི་ལམ་ལུགས་བཙུགས་ཐོག 《མཚོ་སྔོན་ཞིང་ཆེན་ན་འདམ་མིང་ཐོ་དོ་དམ་བྱེད་ཐབས》བཏོན་ནས་ཞིང་ཆེན་ཡོངས་ཀྱི་ན་འདམ་གལ་ཆེན་གྱི་མིང་ཐོ་ཕྱིར་བསྒྲག་རྒྱུ། ན་འདམ་དང་ན་གཞོང་ལ་རྟོག་ཞིབ་བྱས་ཏེ་ན་འདམ་གཙོ་གནད་ལ་རྟོག་ཞིབ་དཔྱད་བསྡུར་བྱ་རྒྱུ་དང་། ན་འདམ་གྱི་སྣོད་བཅུད་ཁེ་ཕན་ཁ་གསབ་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ།  མཚོ་སྔོན་པོ་དང་། མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་ན་འདམ་སྲུང་སྐྱོང་དང་སླར་གསོ་ལས་གཞི་ལག་བསྟར་བྱ་རྒྱུ།  ན་འདམ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ནས་རྒྱལ་ཁབ་ན་འདམ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་ཕྱོད་ཇེ་མགྱོགས་སུ་གཏང་རྒྱུ།

       ● འཕང་འབྲས་ཐོན་ལས་གོང་སྤེལ་གྱི་མནའ་འབྲེལ་གཟུག་རྒྱུ།

ནགས་ལས་ཀྱི་མཁོ་འདོན་ལོགས་གྲུབ་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་ཆེན་པོ་དང་།  ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་གོང་སྤེལ་ལ་སྐུལ་སྤེལ་བྱས་ནས་ལྗང་མདོག་སྤུས་ལེགས་ཀྱི་ནགས་ལས་ཐོན་རྫས་འདོན་སྤྲོད་ནུས་པ་ཇེ་ཆེ་གཏང་རྒྱུ།  དཔལ་འབྱོར་ནགས་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། མཚོ་ནུབ་དང་མཚོ་ལྷོའི་སྐྱེས་ལྡན་འཕང་འབྲས་ཚད་ལྡན་ཅན་གྱི་རྟེན་གཞི་བསྐྲུན་ཐོག    འཕང་འབྲས་ཐོན་ལས་གོང་སྤེལ་གྱི་མནའ་འབྲེལ་གཟུག་རྒྱུ།

མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་འོམ་བུ་ཚད་ལྡན་ཅན་འཐུ་སའི་རྟེན་གཞི་དང་། པདྨ་རྫོང་གི་བོད་ཇ་རྟེན་གཞི།  ཙོང་ཆུའི་སིལ་ཏོག་སྣ་འདུས་རྟེན་གཞི་བཅས་འཛུགས་པའི་ལས་ལ་སྐུལ་འདེད་བཏང་སྟེ།  དཔེ་སྟོན་རྟེན་གཞི་དང་དཔེ་སྟོན་གྲོང་ཁྱེར། དཔེ་སྟོན་རྫོང་། དགེ་མཚན་ཐོན་ལས་ཁུལ་བཅས་སྐོར་ཞིག་ངོས་བཟུང་ཐོག   སྤུས་ཚད་མཐོ་ཤོས་ཀྱི་ནགས་ལས་ཐོན་ལས་གོང་སྤེལ་ལ་ཟུར་ནས་སྐུལ་ཁྲིད་བྱ་རྒྱུ།

● ཙོང་ཆུའི་ལུང་ཁོག་གི་རྒྱ་སྨན་དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་གཟུག་རྒྱུ།

རྒྱ་སྨན་དང་བོད་སྨན་གྱི་སྨན་རྩྭ་འདེམས་འཛུགས་རྒྱ་ཁྱོན་རྒྱ་བསྐྱེད་དེ་ཙོང་ཆུའི་ལུང་ཁོག་གི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དང་མྱུ་གུ་གསོ་བའི་དཔེ་སྟོན་རྟེན་གཞི་གཟུག་རྒྱུ།  སྣེ་འདྲེན་ཁེ་ལས་ཆེ་ཤོས་མགྱོགས་པོར་སྐྱེད་སྲིང་བྱས་ཏེ།  ཞིང་ཆེན་རིམ་པའི་ནགས་ལས་ཀྱི་སྣེ་འཁྲིད་ཁེ་ལས་ངོས་འཛིན་ལ་ཤུགས་བསྣན་དང་། གསར་དར་ཁྲོམ་རའི་གཙོ་གཟུགས་གོང་སྤེལ་ལ་རྒྱབ་སྐྱོར།  ཁྱད་ལྡན་ནགས་ལས་ཐོན་ལས་ཐོན་རྫས་མཁོ་འདོན་ཕྱིར་ཚོང་མ་ལག་འཐུས་ཚང་།  ནགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་བྲིན་འཚོང་གཞི་ཁྱོན་རྒྱ་བསྐྱེད་བཅས་སུ་བཏང་ནས་ཚོང་རྟགས་གྲགས་ཅན་བཏོད་པ་བརྒྱུད་ནགས་ལས་ཐོན་རྫས་ཀྱི་ཞོར་སྣོན་རིན་ཐང་ཇེ་ཆེར་གཏང་རྒྱུ།  ནགས་ལས་ཀྱི་འདེབས་འཛུགས་དང་། གསོ་སྤེལ། ནགས་ཁྲོད་མི་ཚང་།  ནགས་ཁྱིམ་སྤྲོ་སྐྱིད་གླིང་ལ་སོགས་པའི་ནགས་ལས་ཐད་ཀྱི་དཔལ་འབྱོར་རྣམ་གྲངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་རྒྱུ།  གློག་རྡུལ་ཚོང་རྟགས་མྱུར་དུ་བཙུགས་ནས་ནགས་ལས་ཐོན་རྫས་དང་སྣོད་བཅུད་ཞབས་ཞུའི་ཁྲོམ་ར་རྒྱ་བསྐྱེད་རྒྱུ་བཅས་སོ། །

ལོ་ཙཱ་བ། ཁོན་ཐར་འཚོ།