ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་ཁམས་འདྲི་ཚོ་ཆུང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་མཚོན་ཅན་པེ་ཡོན་ཧའོ་ལ་འཚམས་འདྲི་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས7ཉིན་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་འཚམས་འདྲི་ཚོ་ཆུང་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་རྒྱལ་ཡོངས་སྐབས་དྲུག་པའི་ཀུན་སྤྱོད་དཔེར་མཚོན་ཅན་པེ་ཡོན་ཧའོ་ལ་འཚམས་འདྲི་བྱེད་དུ་སོང་ཞིང་། པེ་ཡོན་ཧའོ་དང་ཁོའི་ཁྱིམ་མི་དག་ལ་ལོ་སར་གྱི་འཚམས་འདྲི་བྱས་པ་རེད།

འཚམས་འདྲི་ཚོ་ཆུང་གི་འགོ་བས་ལམ་ཐག་རིང་མོ་རྡོག་པས་མནན་ཞིང་མཐོ་སྒང་གི་གྲང་ངར་ལ་མ་འཛེམ་པར་པེ་ཡོན་ཧའོ་ཚང་གི་ཡུལ་དུ་སླེབས་ནས་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་འཚམས་འདྲི་དང་སྨོན་འདུན། དེ་མིན་འཚམས་འདྲིའི་རོགས་སྐྱོར་མ་དངུལ་སོགས་ཕུལ་བ་རེད། པེ་ཡོན་ཧའོ་གཙོའི་ཁོ་ཚང་གི་ཡུལ་མི་དག་ལ་བཞུགས་མོལ་ཁ་བརྡ་བྱས་པ་དང་ཁོ་ཚང་གི་ཐོན་སྐྱེད་འཚོ་བའི་གནས་ཚུལ། དེ་མིན་ལོ་སར་སྐབས་དངོས་པོ་ཉོས་པའི་གྲ་སྒྲིག་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་པེ་ཡོན་ཧའོ་དང་མཉམ་དུ་དྲན་རྟེན་འདྲ་པར་ཡང་བླངས་པ་རེད།

ཕ་རྒན་ཚེ་ལས་འདས་ཤིང་། མ་རྒན་ནད་ཀྱི་དབང་གིས་མལ་སར་ལྷུང་བས། སློབ་ཆེན་འགྲིམས་བཞིན་པའི་པེ་ཡོན་ཧའོ་ལ་ཞུམ་པ་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་གཉོམ་ལག་མ་རྒྱས་པའི་ཕྲག་རྡང་གིས་ཁྱིམ་ཚང་གི་འགན་ཁུར་ཡོད་ཚད་ཕྲག་ཏུ་བླངས། ཁོས་རྐང་ལག་ཞ་བར་གྱུར་བའི་ཨ་མ་ཁུར་ཏེ་ཕྱིར་སློབ་གྲྭར་ཡོང་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་པ་མ་ཟད། དུས་མཉམ་དུ་རང་གི་ཨ་མར་ཡང་བདག་སྐྱོང་བྱས་པས། ད་བཟོད་རྒྱལ་ཡོངས་སྐབས་དྲུག་པའི་ཀུན་སྤྱོད་དཔེར་མཚོན་ཅན་གྱི་ཁྲོད་དུ་བདམས་ཐོན་བྱུང་། པེ་ཡོན་ཧའོ་ལ་སྔོན་ཆད་རྒྱལ་ཡོངས་ཀྱི་སྤྱོད་བཟང་ན་གཞོན་དང་རྒྱལ་ཡོངས་ཀྱི་རང་སྟོབས་སློབ་ཆེན་པའི་སྐར་རྒྱན་སོགས་ཀྱི་མཚན་སྙན་ཐོབ་མྱོང་། འཚམས་འདྲི་ཚོ་ཆུང་གིས་པེ་ཡོན་ཧའོ་ལ་རྒན་བཀུར་སྲི་ཞུ་བྱས་པའི་ཆེས་མཐོའི་ལྷག་བསམ་ལ་ཆེས་བསམ་པའི་གཏིང་ནས་བརྩི་འཇོག་དང་བསྟོད་བསྔགས་བྱས་ཏེ། པེ་ཡོན་ཧའོ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་མིག་དཔེ་དང་སྤྱི་ཚོགས་ཧྲིལ་བོའི་མིག་དཔེ་འཛིན་ས་ཡིན་པ་བསྟན། ཁོས་མུ་མཐུད་དུ་ཆེས་ལེགས་པོའི་ཀུན་སྤྱོད་དར་སྤེལ་བཏང་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་བསླབ་འབྲས་ལེགས་འགྲུབ་ཀྱིས་སློབ་ལ་འབད་ཞིང་ཀུན་སྤྱོད་ལྡན་པའི་སློབ་མ་ཡ་རབས་ཞིག་བྱེད་དགོས་ཞེས་བཤད་པ་རེད།

པེ་ཡོན་ཧའོ་ཡི་ཨ་མས་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་འཚམས་འདྲི་ཚོ་ཆུང་གིས་གྲང་ངར་ལ་མ་འཛེམ་པར་རང་ཁྱིམ་དུ་འཚམས་འདྲི་བྱེད་པར་ཡོང་བ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཏང་དང་སྲིད་གཞུང་གི་དོ་ཁུར་དང་བརྩེ་སེམས་ལ་བཀའ་དྲིན་ཞུས། མོས་བཤད་རྒྱུར། ད་ལྟ་རྒྱལ་ཁབ་བཟང་ཞིང་སྤྱི་ཚོགས་ཡང་ལེགས་པས་རིམ་པ་སོ་སོའི་སྲིད་གཞུང་རྩ་འཛུགས་ཀྱིས་ང་ཚོར་ཐུགས་ཁུར་ཡང་གནང་བས། ངས་རང་ནུས་གང་ཡོད་སྒོས་བྱིས་པར་སློབ་གསོ་བཏང་ནས་ཁོ་ཚོར་དྲིན་ལན་ཚོར་དུ་བཅུག་སྟེ་ནར་སོན་པ་ན་སྤྱི་ཚོགས་ལ་དྲིན་ལན་མཇལ་དུ་འཇུག་རྒྱུ་ཡིན་ཟེར། པེ་ཡོན་ཧའོ་ཡིས་ཀྱང་ཏང་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོས་རང་ཉིད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ལ་བཀའ་དྲིན་ཞུས་པ་མ་མ་ཟད། མུ་མཐུད་དུ་ཁྱིམ་མི་ལ་བདག་སྐྱོང་གིས་རང་སྟོབས་རང་སྤེལ་ངང་སྤྱི་ཚོགས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།