ཝང་ཅན་ཅོན་གྱིས་ཧོར་གྲོང་རྫོང་གི་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅོན་ཧོར་གྲོང་ཧོར་རིགས་རང་སྐྱོང་ཁུལ་དུ་སོང་ནས་ ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་དང་སྦགས་བཙོག་བཅོས་སྐྱོང་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།  ཁོས་བསྟན་དོན།     ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་བྱ་བ་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས།     རྣམ་འགྱུར་དང་འགན་འཁྲི།  དོན་དངོས་ཀྱིས་སྒྲུབ་པ་ཨང་དང་པོར་བཞག་ནས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱེད་རྒྱུ་ཏན་ཏིག་གིས་དམ་འཛིན་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྦགས་བཙོག་བཅོས་སྐྱོང་དང་གནད་འཁེལ་དབུལ་ཐར་གྱི་འཐབ་ཇུས་བྱ་བ་བསྒྲུབས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་ཆེད་མགོ་ལེགས་པོ་ཞིག་རྩོམ་དགོས་ཟེར།  

ཉིན་དེར་ཝང་ཅན་ཅོན་གྱིས་གྲང་ངར་ལ་མི་འཛེམས་པར་ཧོར་གྲོང་རྫོང་གི་བཙོག་ཆུ་ཐག་གཅོད་ཁང་གཉིས་པའི་འཛུགས་སྐྲུན་དང་ཡུའུ་ཚའེ་སྒོ་ཕྱུགས་ཁྱིམ་བྱ་གསོ་སྤེལ་ར་བའི་སྦགས་བཙོག་བཅོས་སྐྱོང་གནས་ཚུལ་བཅས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།   ཁོས་བསྟན་དོན།    ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལན་བསྐྱོན་པའི་གནད་དོན་དག་ཐེར་བྱེད་རྒྱུ་ཏན་ཏིག་གིས་སྐུལ་འདེད་བྱེད་པར་རྣམ་འགྱུར་ནི་ཨང་དང་པོར་འཇོག་དགོས།    བཅོས་སྐྱོང་བྱ་བ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བཟུང་སྟེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྲ་བརྟན་དུ་འཛུགས་དགོས།    ཧྲུའུ་ཅི་ཝང་གོ་ཧྲིན་གྱི“གློད་མི་རུང་བ་དྲུག”གི་བླང་བྱ་གཞིར་བཟུང་སྟེ།  སྙིང་སྟོབས་དར་སྤེལ་དང་དཀའ་གནད་གཅིག་བསྡུས།  འབྲེལ་མཐུད་སྒྲིག་སྦྱོར།  ཤུགས་ལྡན་རིམ་ལྡན་ཕན་ལྡན་གྱིས་བཅོས་སྐྱོང་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལྡན་གྱི་ལན་ཞིག་སྤྲོད་དགོས།     ཁོས་ནན་གྱིས་བསྟན་དོན།      སྦགས་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་གཡུལ་འཐབ་བྱེད་པར་འགན་ཁུར་ནི་ཨང་དང་པོ་འཇོག་དགོས།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་སྔར་ལས་བརྟན་པོའི་སྒོ་ནས་ཕྲག་ཏུ་བླངས་ཏེ།  ཞིང་སྡེའི་སྡོད་མིའི་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་གྱི་ལས་འགན་ཟུང་འབྲེལ་སྒོས་གནད་དོན་ཕྱོགས་སྟོན་འབུར་ཐོན་དང་ས་ཁོངས་གལ་ཆེན་དམ་འཛིན་བྱེད་དགོས།      “ཏང་སྲིད་འགན་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”སྔར་ལས་དོན་འཁྱོལ་ལེགས་པོ་བྱས་ཏེ་བཅོས་སྐྱོང་བྱ་བ་རྒྱུན་འཁྱོངས་དང་རིམ་པ་ལྟར་འགན་ཁུར་བ།     དཔྱད་ཞིབ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ནུས་ལྡན་གྱི་སྒྲིག་གཞི་བཙུགས་ཏེ་ཁོར་སྲུང་གཞན་སྒྱུར་འཕེལ་རྒྱས་ལ་ལྡོག་སྐུལ་བྱེད་པའི་སྒོ་ནས་སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་ཅུང་ལེགས་པའི་རང་བཞིན་གྱི་འཁོར་རྒྱུག་གཞན་སྒྱུར་ལ་སྐུལ་འདེད་བྱས་ཏེ།   མང་ཚོགས་ལ་ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་བཅོས་བྱས་པའི་གྲུབ་འབྲས་དོན་དངོས་སྒོ་ནས་ཚོར་ཐུབ་པར་བྱེད་དགོས་ཟེར།  

སྔ་རྗེས་སུ་ཝང་ཅན་ཅོན་ཧོར་གྲོང་རྫོང་གི་མཐོ་སྒང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དང་ལེན་ཁྲོན་ཤང་ཙུའུ་ཀན་སྡེ་བར་སོང་ནས་ཐོན་ལས་དབུལ་ཐར་དང་དབུལ་སྐྱོར་གནས་སྤོའི་གནས་ཚུལ་ལ་རྟོག་ཞིབ་བྱས།  ཁོས་བསྟན་དོན།  གནད་འཁེལ་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་འཐབ་བྱེད་པར་དོན་དངོས་ཀྱིས་སྒྲུབ་རྒྱུ་ཨང་དང་པོར་འཇོག་དགོས།    རྒྱལ་ཁབ་ཤང་སྡེའི་དར་སྤེལ་འཐབ་ཇུས་ཀྱི་ལག་བསྟར་ལ་དམིགས་ནས་དབུལ་ཐར་གྱི་དམིགས་འབེན་ལྷོད་གཡེང་མི་བྱེད་པར་དབུལ་ཐར་གྱི་ཕན་འབྲས་ཇེ་མཐོར་གཏོང་དགོས་ལ།    ཕྱོགས་གཅིག་ནས་སྲིད་གཞུང་གིས་ཡོང་འབབ་ཅན་གྱི་ཐོན་ལས་ལེགས་པོ་བདམས་ཏེ་དོན་དངོས་ལ་གཞིགས་ནས་ཐོན་སྐྱེད་བཟང་བོ་བྱེད་དགོས།    དབུལ་བོ་ཞུགས་ཡོད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བརྒྱུད་ཡོང་འབབ་བསྡུ་ས་གསར་སྐྲུན་བྱས་ཏེ་རང་བརྟེན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།     གཞི་རྩའི་ཆ་ནས་དབུལ་ཕོངས་ཁྱིམ་ཚང་གི་རྒྱུན་མཐུད་ཡོང་འབབ་དང་བརྟན་བརླིང་གི་དབུལ་ཐར་ལ་སྐུལ་འདེད་བྱེད་དགོས།    ཕྱོགས་གཞན་ནས་མི་རེ་རེ་རང་གི་འབད་བརྩོན་ལ་བརྟེན་ནས་དབུལ་ཐར་མངོན་འགྱུར་བྱེད་དགོས་ལ།    འཚོ་བ་ལེགས་པོ་ནི་ཧུར་བརྩོན་གྱིས་སྒྲུབ་ནས་ཐོན་པ་ཡིན་པས་དབུལ་ཕོངས་མང་ཚོགས་ཀྱི་ནུས་པ་གཙོ་བོ་དང་དཀའ་ངལ་ཁྱད་དུ་གསོད་ཐུབ་པ་སོགས་ཀྱི་བསམ་བློ་འདོན་སྤེལ་བྱེད་པ། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་བཙུགས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ནུས་པ་ཇེ་མཐོར་གཏོང་བ་དང་རང་སྤེལ་གྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ་སྙིང་སྟོབས་ཀྱིས་དབུལ་ཐར་ལ་སྣེ་ཁྲིད་དང་དངོས་པོའི་དབུལ་ཐར་ལ་འགན་སྲུང་བྱེད་དགོས་ཟེར།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།