རྒྱལ་ཁབ་ཀྱིས་རང་ཞིང་གི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཏེ།  རྒྱལ་དབང་ས་ཞིང་ལྗང་འགྱུར་ལས་ཀ་ཇེ་མགྱོགས་དང་།  ནགས་ལས་གཙོ་གནད་ལས་གཞི་ལག་བསྟར་རྒྱུན་འཁྱོངས་བྱེད་པ་གལ་ཆེའིི་དོན་ཆེན་དུ་རྩིས་ནས་རིགས་སོ་སོའི་མ་དངུལ་གཅིག་གྱུར་ཐོག་སྡེབ་སྒྲིགདང་།  རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་སླད།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་ཧུར་ཐག་བརྒྱུད་2018 ལོར་རང་ཞིང་གི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་རྣམ་གྲངས་ཐད་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་ཁྲི6000 དོན་འཁྱོལ་བྱ་རྒྱུ་ཡིན་འདུག །

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་ཁྲི་6000 དོན་འཁྱོལ་བྱ་རྒྱུ་དེ་ནི་ན་ནིང་དང་བསྡུར་ན་ཁྱོན་སྡོམ་སྒོར་ཁྲི500 ཡི་ཇེ་མཐོར་སོང་ཞིང་།  དུས་མཚུངས་ལས་8.3% འཕར་བ་དང་། མིའི་བཟོས་ནགས་ཤིང་སྤྱི་ཆིང་ཁྲི0.4བཀོད་སྒྲིག་དང་། སྤྱི་ཆིང་ཁྲི་2 རི་རྒྱ་ནགས་གསོ་བྱ་འཆར་ཡོད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནགས་ལས་ཐིན་དང་མཉམ་དུ་རྒྱལ་ཁབ་ཀྱི་མ་འཇོག་འཆར་གཞིར་དབྱེ་ཕྲལ་ནས་འོག་རིམ་ལ་སྤྲོད་རྒྱུ་མ་ཟད་ད་དུང་ཞིང་ཆེན་ནགས་ལས་ཐིན་གྱིས་ཐོག་མའི་ཇུས་འགོད( ཡང་ན་ལས་བྱ་ཇུས་འགོད)  ལ་ཞིབ་བཤེར་ཆོག་མཆན་འགོད་པར་སྐུལ་འདེད་བཏང་སྟེ།  ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་དང་ལྷུ་ཚིགས་ཁག་གི་ལྟ་སྐུལ་སློབ་སྟོན་ལ་ཤུགས་བསྣན་ནས། ལོ་མཇུག་གོང་ཁྱོན་ཡོངས་ནས་འཛུགས་སྐྲུན་ལས་འགན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།