མཚོ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་གོམ་པ་རེ་རེ་བཞིན་སྤོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2017ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ35དམ་པོར་བཟུང་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི1.06གི་དབུལ་ཐར་དམིགས་འབེན་འགན་འཁྲི་ལེགས་འགྲུབ་བྱུང་ཞིང་། སྲིད་ཇུས་དང་མ་དངུལ། མི་སྣ་སྙོམས་སྒྲིག་བཅས་ཀྱི་འགན་སྲུང་ཚད་གཞི་མུ་མཐུད་དུ་མཐོར་འདེགས་ཀྱིས་གནད་འཁེལ་སྲིད་ཇུས་ལག་བསྟར་ཐད་བྱེད་ཐབས་ནུས་ལྡན་དང་ཕན་འབྲས་མངོན་གསལ་ལག་བསྟར་གྱིས་སྔོན་དཔག་དམིགས་འབེན་འགན་འཁྲི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་རེད།

དུས་ལྟར་དུ་བྱ་བའི་འཕེལ་རིམ་ལ་རྒྱུས་ལོན་བྱས་ཏེ་མཚོ་ལྷོ་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཟླ་རེའི་ཚོགས་འདུ་བསྡུས་ཤིང་། ཟླ་རེར་སྙན་ཞུ་ཕུལ་བའི་ལམ་ལུགས་ལག་བསྟར་གྱིས་ཁུལ་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཟླ་རེར་དུས་ཚོད་གཏན་ཁེལ་གྱིས་རྫོང་ལྔའི་སྲིད་གཞུང་གི་གཙོ་བདག་རྫོང་དཔོན་དང་དབུལ་སྐྱོར་ཅུའུ་ཀྲང་། ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་བྱ་བ་བཀོད་སྒྲིག་བྱས་ཏེ་སྐུལ་འདེད་གྲོས་ཚོགས་བསྡུས་ཤིང་། སྔར་ལས་གོམ་གང་མདུན་སྤོས་ཀྱིས་བྱ་བའི་ལྟ་སྐུལ་ལག་ལེན་དངོས་འབབ་བྱས། དེ་ཡང་ཁུལ་རིམ་པའི་བསྣོལ་སྦྲེལ་ཚད་ལེན་ཞིབ་བཤེར་ཁྲོད་ཤང་དང་གྲོང་བརྡལ36གི་ཏང་ཨུའི་སྲིད་གཞུང་གི་འགན་ཁུར་མི་སྣ་དང་ལོ་རེའི་འཆར་གཞིའི་ཁྲོད་ཀྱི་དབུལ་ཕོངས་སྡེ་བ35ཡི་ཨུ་ལྷན་གཉིས་གཙོའི་འགན་ཁུར་མི་སྣ་དང་ཧྲུའུ་ཅི་དང་པོར་དབུལ་སྐྱོར་མཁྲེགས་གཏོར་གྱི་རྒྱུགས་ལེན་བྱ་བ་ཡང་སྒྲུབ་པ་རེད། ཤང་དང་གྲོང་བརྡལ། སྡེ་བ་བཅས་ཀྱི་ལས་བྱེད་པས་ལྟ་སྐུལ་མཐོར་འདེགས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་སྲིད་ཇུས་ཀྱི་རྒྱུས་ལོན་ཆུ་ཚད་དང་ཁོ་ཚོའི་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་བ་རེད།

དུས་མཉམ་དུ་ནོར་སྲིད་རྒྱུ་ཤུགས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཚད་གཞི་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཞིང་ཁུལ་རིམ་པའི་ནོར་སྲིད་ཐད་ཁྱོན་བསྡོམས་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི8465བཏང་ཞིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་མི་འདང་བའི་དགོས་མཁོར་གཞིགས་ནས་ནོར་སྲིད་འགན་སྲུང་གི་དབུལ་ཕོངས་ས་ཁུལ་ལ་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དེ་མིན་ཐོན་ལས་འཕེལ་རྒྱས། སློབ་གསོ་གསབ་སྦྱོང་སོགས་ཀྱི་ཐད་ལ་རྫོང་ལྔའི་ནོར་སྲིད་ཀྱིས་ཁྱོན་བསྡོམས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.17བཏང་ནས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་གོམ་པ་སྤོ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད།

དེ་ལས་གཞན་ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི5.3དེ་གཙོ་བོར་བཟུང་ནས་མ་དངུལ་སྒོར་ཁྲི762བཏང་སྟེ་དབུལ་ཕོངས་ཁྱིམ་ཚང་ཐད་རྐྱེན་ངན་ཐད་ཀྱི་གནོད་སྐྱོན་སོགས་ཐོན་རྫས་བྱུང་ཚད་གསར་བཟོ་བྱས་ཤིང་། དབུལ་ཕོངས་མང་ཚོགས་ཀྱི་སྒོ་བསྟེན་སྨན་རིན་དང་གཞི་རྩའི་སྨན་བཅོས། ནད་ཚབས་ཆེན་གྱི་ཞག་སྡོད་སྨན་ཁང་གི་སྒོ་བསྟེན་སྨན་རིན་སོགས་ཡོད་ཚད་ཐད་ལ་གྱོང་གུད་ཁ་གསབ་སྤྲོད་པ་མངོན་འགྱུར་བྱས་ཤིང་། ཕལ་ཆེར་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བའི་གནད་དོན་དེ་ཐག་གཅོད་བྱས་པ་རེད། དེར་མ་ཟད་ཁྱོན་ཡོངས་ནས་སྨན་བཅོས་གནད་འཁེལ་དབུལ་སྐྱོར་ཐད་ཀྱི་ཁྱབ་ཁོངས་བཅུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། དབུལ་ཕོངས་མི་གྲངས་ཀྱིས་ནད་ལ་སྟོན་པར་རིན་མེད་གཅིག་དང་ཉུང་འཕྲི་བདུན་གྱི་སྲིད་ཇུས་དང་བདེ་ཐང་དབུལ་སྐྱོར་གྱི་ཆོག་མཆན་གསུམ་གྱི་ལས་འགུལ་ཐབས་ཇུས་གཞིར་བཟུང་ནས་སྒོར་ཁྲི300ཡིས་མ་རྩ་བཏང་ཞིང་ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་དམངས་ལ་ནད་ཚབས་ཆེན་ཕོགས་པར་གཅིག་བསྡུས་ཀྱིས་དོ་དམ་མྱུར་སྐྱོབས་དང་འགོར་འགྱངས་བྱས་ཟིན་པའི་ནད་རིགས་ལ་དེར་མཐུན་གན་རྒྱའི་ཞབས་ཞུའི་དོ་དམ་དང་ནད་གཞི་ཚབས་ཆེན་ལ་ཁ་གསབ་རོགས་དངུལ་སྟེར་བར་འགན་སྲུང་བྱས་པ་རེད། མཚོ་ལྷོ་ཁུལ་གྱིས་ནད་གཞི་ཚབས་ཆེན་གྱི་གཞི་རྩའི་འགན་བཅོལ་གསར་འཛུགས་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་བྱུང་བའི་ཚད་གཞི་ལ་ཡང་ཁག་ཐེག་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།