དབུལ་ཐར་གྱིས་ཞིང་གྲོང་ལ་གཞན་དང་མི་འདྲ་བའི་མ་འོངས་བ་ཞིག་བསྐྱལ་འོངས།

ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཤང་ཐུའུ་ཨར་ཐའེ་རྣམ་པ་གསར་བའི་ཞིང་སྡེའི་གཞིས་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་རྣམ་པ་གསར་བའི་ཞིང་གྲོང་གཞིས་ཁུལ་ཐོག་མ་ཡིན་ལ། ས་ཁུལ་དེས་ས་བབ་ལེགས་པོར་བརྟེན་ནས་ཐུའུ་ཨར་ཐའེ་སྡེ་གསར་གྱིས་ཡུལ་སྐོར་འགྲུལ་བའི་ཞབས་ཞུ་ལྟེ་གནས་གསར་འཛུགས་བྱས་ཤིང་། བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་བྱིས་གཉོར་ཁང་། ཁམས་གཡེང་ཐང་ཆེན། རླངས་འཁོར་འཇོག་ས་སོགས་ཡུལ་སྐོར་དང་འཚོ་བའི་སྒྲིག་ཆས་ཀྱིས་ཡུལ་དེའི་ས་གནས་ལ་ཚོང་གཉེར་གྱི་གོ་སྐབས་མང་པོ་ཞིག་བསྐྲུན་ཡོད། དེའི་མི་ཚད་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ནུབ་རི་ཤང་ཡ་ཧུ་སྡེ་བ་ནི་ཡུལ་སྐོར་འཕེལ་རྒྱས་ཀྱི་དབུལ་ཕོངས་ཞྭ་མོ་ཕུལ་ཟིན་པའི་དཔེར་མཚོན་ཅན་གྱི་སྡེ་བ་ཞིག་ཡིན་ལ། 2016ལོ་དང2017ལོར་ཡ་ཧུ་སྡེ་བས་ཁྱོན་བསྡོམས་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི16ལྷག་ལ་སྣེ་ལེན་བྱས་ཤིང་། སྡེ་བའི་ནང་དུ་ད་ལྟ་ཞིང་ཁྱིམ་སྤྲོ་སྐྱིད་ར་བ2016ལོའི་ཁྱིམ་ཚང9ནས་ཁྱིམ་ཚང25ལ་འཕར་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་ཞིབ་ཀློག་བྱས་ན་ད་བཟོད་ལུས་ལ་འདམ་བག་འབྱར་ཞིང་ལོ་སར་སྐབས་སུ་གཞི་རིམ་དུ་བསྐྱོད་པའི་གཏམ་རྒྱུད་ཅིག་གསལ་བོར་མཐོང་ཐུབ་ལ། ང་ཚོས་རྣམ་པ་གསར་བའི་སྡེ་བ་འདིའི་དྲི་ཞིམ་ལ་སྣོམ་བཞིན་སྡེ་མི་དག་གི་བདེ་སྐྱིད་ཀྱི་ཚད་གཞི་ཡང་མཐོར་འདེགས་བྱུང་ཡོད་ལ། ཞིང་གྲོང་དེའི་རྣམ་པ་གཞན་དང་མི་འདྲ་བའི་མ་འོངས་བ་ཡང་ཚོར་ཐུབ། ན་ནིང་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང7གྱི་དབུལ་ཕོངས་སྡེ་བ525ཡི་དབུལ་ཕོངས་མི་གྲངས་ཁྲི15.8གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་དོར་ཟིན། འདས་ཟིན་པའི་ལོ་ངོ5ཡི་ནང་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི90.7གྱི་དབུལ་ཐར་བརྟན་འཇགས་མངོན་འགྱུར་བྱས། གྲངས་ཀ་དེའི་མི་སེམས་འདར་དུ་བཅུག་ཤིང་མི་ལ་བརྩོན་སེམས་བྱིན་པས། གནད་འཁེལ་དབུལ་སྐྱོར་ནི་ཉིན་གཅིག་ཞག་གཅིག་གི་བྱེད་ནུས་ཙམ་མ་ཡིན་པར་ཉིན་མཚན་ལ་དབྱེ་བ་མེད་པར་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད།

ཧ་ཅང་དབུལ་ཕོངས་ཡིན་པའི་དབུལ་ཕོངས་ས་ཁུལ་དེ་དབུལ་ཐར་བྱེད་ཐུབ་མིན་གྱི་གནད་འགག་ནི་ད་ལྟའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། རང་ཞིང་དེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་མིན་ལ་ཡང་འབྲེལ་བ་དམ་པོ་ཡོད། མིག་སྔར་དབུལ་སྐྱོར་དབུལ་ཐར་ནི་ཆེས་གནད་འགག་གི་ཆབ་སྲིད་འགན་འཁྲི་ཤིག་སྟེ་དོན་དངོས་ཀྱི་དམངས་ཚོས་དགོས་མཁོར་འབྲེལ་ཡོད་པས། ངེས་པར་དུ་གནད་འཁེལ་གཅིག་བསྡུས་ཀྱིས་སྟོབས་ཤུགས་དམ་སྦྲེལ་ངང་དབུལ་ཕོངས་ས་ཁུལ་གཅིག་ཀྱང་ལུས་མི་རུང་ལ་དབུལ་ཕོངས་མི་གྲངས་ཡང་གཅིག་ཀྱང་ལུས་སུ་འཇུག་མི་རུང་བར། ངེས་པར་དུ་ཆོད་སེམས་བརྟན་པོའི་སྒོ་ནས་ངར་ཤུགས་གང་ཡོད་བཀོལ་དེ་གནད་འཁེལ་སྲིད་ཇུས་ཀྱི་སྟོབས་ཤུགས་ལ་ཟུང་འབྲེལ་གྱིས་གོ་སྐབས་དང་བསྟུན་ནས་མདུན་སྐྱོད་བྱེད་དགོས།

དབུལ་སྐྱོར་མཁྲེགས་གཏོར་རྗེས་སུ་ཇི་ལྟར་བསྐྱུར་ན་དཀའ་ཁག་ཆེ་བའི་གནད་དོན་ཡང་དེ་ལྟར་རྙོག་འཛིང་ཆེ་ཞིང་། ཕྲག་དུ་ཁུར་བའི་འགན་འཁྲི་ཡང་དེ་ལྟར་ཇེ་ལྕི་རུ་འགྲོ་ངེས། མིག་སྔར་ས་ཁུལ་རེ་འགའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ད་རུང་བསམ་བློའི་ངོས་འཛིན་གྱིས་མི་འདང་བ་དང་རྨང་གཞི་ཅུང་གཉོམ་པོ་ཡིན་པ། བྱེད་ནུས་གཙོ་བོས་འདོན་སྤེལ་བྱེད་མི་ཐུབ་པ། དབུལ་ཐར་རྣམ་གྲངས་ཀྱི་འཕེལ་རིམ་ཅུང་དལ་བ། མ་དངུལ་གྱི་དོ་དམ་ཐད་ད་རུང་ཤུགས་སྣོན་བྱེད་དགོས་པ་སོགས་ཀྱི་གནད་དོན་གྱིས་དབུལ་ཕོངས་མང་ཚོགས་རེ་འགས་གཞན་བརྟེན་གྱི་བསམ་བློ་ཐལ་དྲགས་པ་དང་གཞན་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱལ་བར་སྒུག་ནས་འདུག་པ། ཐ་ན་ཚད་ངེས་ཅན་གྱི་ཐད་ལུས་ལ་སྒྱུད་ལུག་གི་ཆ་ཡང་མངོན་པ་རེད། གནའ་མིའི་གཏམ་དཔེ་ལ་ནད་ཅི་ཞིག་ཕོགས་ལ་དེར་མཐུན་གྱི་སྨན་འཐུང་དགོས་ཟེར་བ་བཞིན་ངེས་པར་དུ་དབུལ་སྐྱོར་མཁྲེགས་གཏོར་གྱི་ནད་ཀྱི་འབྱུང་རྩ་གསལ་བོར་བཙལ་སྟེ་ད་བཟོད་དེར་མཐུན་གྱི་སྨན་འཐུང་དགོས་པ་རེད།

བདེ་སྐྱིད་ནི་བར་སྣང་ནས་ལྷུང་བ་ཞིག་མ་ཡིན་པར་འཚོ་བ་བཟང་བོ་ནི་མིའི་རྩོལ་བ་ལས་བྱུང་བ་རེད། ང་ཚོས་འབུར་ཐོན་གྱི་གནད་དོན་ཚོད་འཛིན་དེ་གཙོ་བོར་བཟུང་ནས་དབུལ་སྐྱོར་བཟོ་སྐྲུན་གལ་ཆེན་དང་སྡེ་བའི་ནང་གི་ཁྱིམ་ཐོ་ལྟར་དབུལ་སྐྱོར་དེ་དམ་འཛིན་གྱིས་རྒྱབ་སྐྱོར་ཐད་ཀྱི་མ་ལག་དང་འགན་སྲུང་བྱ་བར་ཤུགས་སྣོན་བྱེད་དགོས། དེ་མིན་སྲིད་ཇུས་ཀྱི་ངོ་བོ་དང་དབུལ་སྐྱོར་མ་དངུལ་སྡེབ་སྒྲིག་གི་ཆ་ཆེས་ཆེར་བཏང་ནས་དབུལ་ཕོངས་མང་ཚོགས་ཀྱི་འཛིང་རགས་དེ་རྨང་ནས་གཏོར་དགོས། དབུལ་ཕོངས་མང་ཚོགས་ཀྱི་ཁྲོད་དུ་ཅི་ཞིག་སྒྲུབ་དགོས་རུང་དཀའ་སྡུག་ཁྱད་གསོད་མི་རུང་བའི་འདུ་ཤེས་དམ་འཛིན་གྱིས་རང་སྟོབས་རང་སྐྱེད་དང་དཀའ་སྡུག་འབད་བརྩོན་ངང་རང་ཉིད་ཀྱི་དཀའ་ཁག་ཁྱད་གསལ་གྱི་ངལ་རྩོལ་གྱིས་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱེད་དགོས། དེ་མིན་དབུལ་སྐྱོར་དང་ཤེས་རིག་ཐད་ཀྱི་རམ་འདེགས་སོགས་ཟུང་འབྲེལ་གྱིས་ཕྱི་ནང་གི་འགལ་རྐྱེན་ལ་ཟུང་འབྲེལ་གྱིས་དུས་ཡུན་ཐུང་ངུའི་ནང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཟུང་འབྲེལ་གྱི་རྣམ་གྲངས་ལ་ཟུང་འབྲེལ་གྱིས་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཆོད་སེམས་བརྟན་པོར་རྒྱལ་ཁ་ལེན་དགོས།

དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པས་ང་ཚོ་བརྒྱུད་རིམ་གསར་བའི་སྟེང་ཞུགས་ནས་བྱེད་ནུས་གསར་བའི་ལམ་དུ་ཞུགས་སྟེ་དབུལ་ཐར་ཐད་ལ་མཁྲེགས་གཏོར་བྱ་བའི་གནས་བབ་གསར་བ་ཞིག་ཆགས་སུ་འཇུག་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།