དབུལ་ཐར་གྱི་འགག་སྒོ་ནི་སློབ་གསོ་ཡིན།

— —ཧྲུའུ་ཅི་ཀུ་བྷའི་གནས་ཚུལ་བཀོད་པ།

མང་རྫོང་མགོ་མང་གྲོང་བརྡལ་ཇོ་སེར་སྡེ་བའི་ཧྲུའུ་ཅི་ཀུན་བཟང་རྒྱལ་ལམ་ཀུ་བྷ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མགོ་མང་གྲོང་རྡལ་གྱི་ཇོ་སེར་སྡེ་བ་ན་ཀུན་བཟང་རྒྱལ་ལམ་ཀུ་བྷ་ཟེར་བའི་ཧྲུའུ་ཅི་ཞིག་ཡོད། ད་ལྟ་ལོ་ང་ལྔར་སོན་ཞིང་སྡེ་བའི་བྱིས་སྐྱོང་གླིང་ན་གླིང་གཙོ་དང་གཉེར་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་འདུག

ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་ཞེས་བཤད་ན་རྫུན་དུ་འགྲོ་སྟེ། ཁོ་རང་མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་ཐོག་མའི་སློབ་མར་གྱུར་ཏེ། བོད་ཀྱི་སྒྱུ་རྩལ་པ་ཆེན་མོ་སྨན་བླ་སྐྱབས་དང་མཉམ་དུ་སློབ་སྦྱོང་བྱས་ནའང་། ཁྱིམ་གྱི་འབྱོར་བ་ཞན་པ་དང་། བྱིས་པ་མང་བ་སོགས་ཀྱི་དབང་གིས། སློབ་མཚམས་བཞག་སྟེ། ཕ་མ་གཉིས་ལ་ཁྱིམ་ཚང་སྐྱོང་བའི་ལས་འགན་ཕྲག་ཏུ་བླངས། ཕོ་ལོ་བཅུ་བདུན་ལ་སོན་པ་ནས་བཟུང་། ཇོ་སེར་སྡེ་བའི་ཕྱུགས་ལས་སྨན་པ་དང་རྩིས་གཉེར་བ། སྡེ་དཔོན། སྡེ་བའི་ཧྲུའུ་ཅི་སོགས་ཀྱི་འགན་རིམ་པར་བཞེས། སྐབས་དེ་དག་ཏུ་ཁོས་ཁེངས་སྐྱུང་གིས་མང་ཚོགས་ལ་སློབ་སྦྱོང་དང་མང་ཚོགས་ལ་དོན་དངོས་སྒྲུབ་པ། མང་ཚོགས་ཀྱི་དཀའ་ཁག་སེལ་བ་བཅས་བྱས་པར་བརྟེན། མང་ཚོགས་ཀྱིས་ཁོང་ལ་གདེང་འཇོག་མི་དམན་པ་བྱེད་བཞིན་མཆིས། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་སྐབས་དེར། ཁོས་མང་ཚོགས་ཀྱི་སྣེ་ཁྲིད་དེ། རང་སྡེ་བའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་མཚུངས་སུ་སྡེ་བའི་ནང་ཆུ་གློག་ལམ་གསུམ་འདྲེན་པ་སོགས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པར་བརྟེན། ཇོ་སེར་སྡེ་བའི་ཕྱི་རྣམ་ལ་མངོན་སུམ་གྱིས་འགྱུར་ལྡོག་གསར་བ་བྱུང་།

2007ལོའི་ཟླ9བའི་ཚེས15ཉིན། ཁོས་མང་རྫོང་དབུལ་སྐྱོབ་ཅུ་ལ་རེ་བ་བཏོན་པ་ལྟར། རང་སྡེ་བར་མ་མོ་བསླངས་ན། ལས་ཁུངས་དེའི་འགོ་བས་ཁོའི་རྣམ་དག་གི་སེམས་པར་རྒྱབ་སྐྱོར་གྱི་ཚུལ་དུ་མ་མོ4160(ཁྱིམ་ཚང་རེར་མ་མོ15)གནང་ནས་དབུལ་ཐར་ལ་རྨང་གཞི་བསྐྲུན། 2008ལོའི་ཟླ10བའི་ནང་ཁོས་དཀའ་ཁག་ཅན་གྱི་ཁྱིམ་བདག་རྣམས་ཁྲིད་དེ་མང་རྫོང་མི་དམངས་སྲིད་གཞུང་ལ་ལུག100བསླངས་ནས་དཀའ་ཁག་སེལ། དེའི་འཕྲོར་རྫོང་སློབ་གསོ་ཅུ་ལ་སྙན་ཞུ་ཕུལ་ནས་རྫོང་སློབ་གསོ་ཅུས་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་ཟུང་འབྲེལ་སྒོས་དཀའ་ཁག་ཅན་གྱི་ཁྱིམ་ཚང139ལ་རྣམ་གྲངས་ཀྱི་གྱོ་ཁང་གསར་བ་ལས། གཞན་ད་དུང་ཁྱིམ་མཚེས་སྡེ་བའི་བར་གྱི་རྩྭ་སའི་གནད་དོན་བདེ་ལེགས་ངང་ཐག་གཅོད་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཚེ་སྲོག་བདེ་འཇགས་སོགས་ལ་སྨན་པའི་བྱ་བ་གང་མང་བསྒྲུབས་པར་བརྟེན། 2003ལོར་མགོ་མང་གྲོང་རྡལ་གྱི་ཕུལ་བྱུང་ཏང་ཡོན་དང་སྡེ་བར་ཕུལ་བྱུང་ཏང་ཀྲི་པུའུ་ཡི་གཟེངས་རྟགས་ཐོབ། 2005ལོར་མགོ་མང་གྲོང་རྡལ་དང་རྫོང་ཁྲིམས་ཁང་གིས་གནང་བའི་ཕུལ་བྱུང་ཏང་ཡོན་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་ཐོན་མི་སྣར་བདམས། 2006ལོར་མགོ་མང་གྲོང་རྡལ་གྱི་ཕུལ་བྱུང་ཏང་ཡོན་གྱི་གཟེངས་རྟགས། 2007ལོར་རྫོང་ལྟ་རྟོག་ཁང་དང་སློབ་གསོ་ཅུ། རྫོང་སྲིད་གཞུང་བཅས་ཀྱིས་གནང་བའི་སྲིད་གཉེར་ལྟ་སྐུལ་བ་དང་སློབ་གསོའི་སྔོན་ཐོན་མི་སྒེར། ཕུལ་བྱུང་ཏང་ཡོན་བཅས་ཀྱི་གཟེངས་རྟགས་བླངས། 2008ལོར་རྫོང་དང་གྲོང་རྡལ་སྲིད་གཞུང་ནས་གནང་བའི་སྔོན་ཐོན་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་ཡོན། བདེ་སྲུང་བྱ་བའི་སྔོན་ཐོན་མི་སྣ་བཅས་ལ་བདམས། 2009ལོར་གྲོང་རྡལ་སྲིད་གཞུང་ནས་གནང་བའི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་སྡེ་བའི་འགོ་བ། ཕུལ་བྱུང་ཁྱིམ་བདག ཕུལ་བྱུང་ཏང་ཡོན་སོགས་ཀྱི་གཟེངས་རྟགས་ཐོབ། གཞན་ད་དུང2010ནས2016ལོའི་བར་དུ་གྲོང་རྡལ་སྲིད་གཞུང་དང་རྫོང་སྲིད་ཁྲིམས། རྫོང་སྲིད་གཞུང་བཅས་ཀྱིས་ཁོ་རང་ལ་ཕུལ་བྱུང་གི་སྡེ་བ་རིམ་པའི་འགོ་ཁྲིད་དང་གསེར་གྱི་རྟགས་མའི་འདུམ་འགྲིག་པ། ཕུལ་བྱུང་ཏང་ཡོན། མི་རིགས་སློབ་གསོའི་སྔོན་ཐོན་མི་སྒེར། དགེ་རྒན་རྐང་འཛིན་པ་སོགས་གཟེངས་རྟགས་མང་པོ་གནང་།

དེ་ལྟར། ཁོས་མི་ལོ་བཅོ་ལྔའི་རིང་སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཧུར་བརྩོན་བྱས་ནའང་། དེ་ནི་རྩ་བ་དོར་ནས་ཡལ་ག་འཛིན་པའི་སྣང་ཚུལ་ཞིག་ཡིན་པ་རྟོགས་ཡོད་ལ། ཁོ་སྡེ་བའི་ཧྲུའུ་ཅིར་བསྡད་དེ་འདི་ལྟར་ཧུར་བརྩོན་བྱས་ནའང་། དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པར་ད་དུང་བར་ཐག་ངེས་ཅན་ཞིག་ཡོད་པ་རྟོགས་ཡོད། འདི་དག་གི་རྒྱུ་རྐྱེན་གཙོ་བོ་ནི། རང་སྡེ་བའི་བྱིས་པ་རྣམས་དུས་ལྟར་སློབ་གྲྭར་མི་ཞུགས་པ་དང་། སློབ་གསོ་མི་མྱོང་བའི་གནད་དོན་འདིའི་སྟེང་ན་ཡོད་པར་བརྟེན། ཁོས་ཧྲུའུ་ཅིའི་ལས་འགན་རྒྱབ་ཏུ་དོར་ནས་སྡེ་བ་དེའི་བྱིས་སྐྱོང་གླིང་གི་གླིང་གཙོ་དང་གཉེར་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས། དེའི་རིང་ལ། རང་སྡེ་བའི་ནང་གི་སློབ་གྲྭར་མི་བསྐྱལ་བའི་ཁྱིམ་བདག་རྣམས་ཀྱི་སྐུ་མདུན་དུ་བཅར་ནས། བྱིས་པས་སློབ་གསོ་མ་མྱངས་པའི་ཉེས་དམིགས་དང་སློབ་གྲྭར་ཞུགས་པའི་དགེ་མཚན་སོགས་རེ་རེ་བཞིན་བཤད་དེ། ཐོག་མར་ཁྱིམ་བདག་རྣམས་ལ་སློབ་གསོ་བཏང་། ཁྱིམ་བདག་རྣམས་ཀྱིས་ཀྱང་ཁོས་བཤད་པར་གནས་ལུགས་ཡོད་པར་རྟོགས་ནས་དུས་ལྟར་བྱིས་པ་རྣམས་སློབ་གྲྭར་བསྐྱལ་བ་ན། ད་ལྟ་ཇོ་སེར་སྡེ་བའི་བྱིས་སྐྱོང་གླིང་དུ་བྱིས་པ་བདུན་ཅུ་ལྷག་ལ་བུད་འདུག ཡིན་ནའང་། 2017ལོའི་ཟླ4བ་ནས་བཟུང་། སྡེ་བ་འདིའི་བྱིས་སྐྱོང་གླིང་བསྐྱར་བཞེངས་བྱ་དགོས་པ་དང་། སྔར་གྱི་ཁང་རྙིང་རྣམས་རྩ་མེད་དུ་བཏང་རྗེས་བྱིས་པ་རྣམས་ལ་སློབ་ཁང་མེད་པའི་གནས་ཚུལ་བྱུང་། དེར་བརྟེན་ཁོས་རང་འགུལ་གྱིས་རང་ཁྱིམ་དུ་ཡོད་པའི་ཁང་མིག་གྱན་བདུན་ཡོད་པ་དེ་བྱིས་པ་རྣམས་ལ་སློབ་ཁང་དུ་གཡར་བ་དང་། ཁོའི་ཁྱིམ་མི་རྣམས་སྤྱིར་བཏང་གི་ཁང་ཆུང་ཞིག་ཏུ་འཚང་ནས་བསྡད།

མཇུག་མཐར་ཁོས་ང་ཚོར་བཤད་རྒྱུར། ང་ཚོའི་སྡེ་བ་དབུལ་ཐར་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་གསོ་ལ་མཐོང་ཆེན་མ་བྱས་པ་དང་། སློབ་མས་དུས་ལྟར་སློབ་གསོ་མྱོང་མ་ཐུབ་པ་འདི་ཡིན་པས། ད་ལྟ་ཁོས་རང་ནུས་ཡོད་ཚད་ཀྱིས་སྡེ་བའི་སློབ་གསོ་ལ་ཤུགས་རྒྱག་བཞིན་ཡོད་ཟེར།