ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་གཞུང་ལས་ཐིང་ནས་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་ཁྲིམས་སྲོལ་ཡིག་ཆ་གཙང་སེལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་། ཀྲུང་དབྱང་དམག་ཨུད་གཞུང་ལས་ཐིང་བཅས་ནས་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་ཁྲིམས་སྲོལ་ཡིག་ཆ་གཙང་སེལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་པ་དང་། དམག་དམངས་མཉམ་འདྲེས་གོང་འཕེལ་ཁྲིམས་སྲོལ་ཡིག་ཆ་གཙང་སེལ་བྱེད་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

བརྡ་ཐོའི་ནང་། ཁྲིམས་སྲོལ་ཡིག་ཆ་གཙང་སེལ་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་ལམ་ལུགས་ཁོར་ཡུག་ལེགས་བཅོས་བྱས་ནས། སེམས་ཐག་གཙང་བཅད་ཀྱིས་མཁར་རྫོང་བཤིག་པ་དང་། འཁྱགས་མཁྲེགས་གཏོར་བ། སྒོ་ཐེམ་མེད་པ་བཟོ་བ་བཅས་བྱེད་དགོས་ཞེས་པའི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན། ཁྲིམས་སྲོལ་ཡིག་ཆ་གཙང་སེལ་ལས་ཀ་ཡག་པོ་བྱེད་པ་ཡིས། མིག་སྔའི་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་མངོན་གསལ་ཆེ་བའི་འགལ་ཟླ་དང་དོན་དངོས་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་སྲོལ་ལམ་ལུགས་ཀྱི་མཐུན་སྦྱོར་རང་བཞིན་དང་། ནུས་ཐོན་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྲོལ་ལམ་ལུགས་ཀྱི་ཚད་ལྡན་དང་། ཁྲིད་སྟོན། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ་ཅེས་བསྟན་ཡོད་པ་དང་།

བརྡ་ཐོའི་ནང་། གཙང་སེལ་བྱེད་དགོས་པའི་ཁྲིམས་སྲོལ་ཡིག་ཆའི་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད་ཅིང་། དེ་ཡང་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས། དྲག་ཆས་སྒྲིག་ཆས་ཉོ་སྒྲུབ། ཤེས་ལྡན་མི་སྣ་གསོ་སྐྱོང་། དམག་དོན་རྒྱབ་ཕྱོགས་མཁོ་སྒྲུབ། རྒྱལ་སྲུང་སྐུལ་སློང་སོགས་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་མི་མངོན་སྟོབས་ཤུགས་ཆེ་བའི་ཁྱབ་ཁོངས་དང་། དེ་བཞིན་རྒྱ་མཚོ་དང་། བར་སྣང་ཁམས། དྲ་བའི་བར་ཁམས། སྐྱེ་དངོས། ནུས་འབྱུང་གསར་པ། མི་བཟོས་རིག་སྟོབས་སོགས་དམག་དམངས་མཉམ་སྤྱོད་རང་བཞིན་ཆེ་བའི་ཁྱབ་ཁོངས་སུ་གཏན་འབེབས་ཁྱབ་བསྒྲགས་བྱས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། བཅའ་ཁྲིམས་ཁྲིམས་སྲོལ་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཚུད་ཡོད་པ་རེད།

བརྡ་ཐོའི་ནང་། གཙང་སེལ་ཁུར་ལེན་བྱེད་མཁན་སྡེ་ཚན་གྱིས་གཙང་སེལ་ཁྱབ་ཁོངས་ལྟར། ཁྲིམས་སྲོལ་ཆིག་ཆ་རེ་རེ་བཞིན་ཞིབ་འཇུག་ནན་ཏན་བྱས་ནས་གཙང་སེལ་མིང་བྱང་ནང་འཇུག་དགོས་མིན་ལྟ་དགོས་པ་དང་། ཁུག་ཀྱོག་མི་ལུས་པ་བྱ་དགོས་ཤིང་། གཙང་སེལ་བྱ་དགོས་ངེས་ངེས་པར་དུ་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས། སྒོ་མོ་ཕྱེས་ནས་གཙང་སེལ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་། གཙོ་གཟུགས་ཁྲོམ་ར། ལས་རིགས་མཐུན་ཚོགས། རིགས་གཅིག་མཁས་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཀྱིས་བསྡུ་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།