སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་སློབ་བསྡུ་སློབ་ཞུགས་ཐད་བཀོད་སྒྲིག་གསར་བ་བརྒྱབ་པ།

 མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་འཕྲིན། ཉེ་ལམ་སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་༢༠༡༨ལོའི་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་སློབ་བསྡུ་སློབ་ཞུགས་ལས་དོན་ལེགས་པོར་བསྒྲུབ་དགོས་སྐོར་གྱི་བརྡ་སྦྱོར་བཀྲམས་ཏེ་༢༠༡༨ལོའི་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་སློབ་བསྡུ་སློབ་ཞུགས་ལས་དོན་ཐད་བཀོད་སྒྲིག་གསར་བ་བརྒྱབ་འདུག

བརྡ་སྦྱོར་ནང་དུ།  སློབ་གྲྭ་ཆུང་འབྲིང་དཀྱུས་མའི་སློབ་བསྡུ་སློབ་ཞུགས་ལས་དོན་ལ་ཁྱོན་ཡོངས་ནས་འཆར་འགོད་བཟོ་དགོས་པའི་བླང་བྱ་གཞིར་བཟུང་གཅིག་གྱུར་གྱི་འཆར་འགོད་གསུམ་བཏོན་ཡོད་པ་འདི་ལྟར།

དང་པོ་ནི། སློབ་བསྡུ་སློབ་ཞུགས་བྱེད་ཐབས་གཅིག་གྱུར་གཏན་ལ་འབེབས་དགོས། ཞིང་ཆེན་(ཁུལ་དང་གྲོང་ཁྱེར)སོ་སོས་འོས་འགན་སློབ་གསོ་དང་མཐོ་འབྲིང་དཀྱུས་མ། གཞུང་གཉེར་དང་དམངས་གཉེར་གྱི་སློབ་གྲྭ་ཆུང་འབྲིང་། ཁྱིམ་ཐོའི་སློབ་ལོ་ལོན་པའི་མི་འབོར་དང་ཡུལ་གཞན་མཉམ་སྤོས་ཀྱི་བུ་ཕྲུག   གྲོང་ཁྱེར་ཆེ་ཤོས།   གྲོང་ཁྱེར་དང་རྫོང་བཅས་ཀྱི་སློབ་བསྡུ་སློབ་ཞུགས་བྱ་བར་གཅིག་གྱུར་འཆར་འགོད་བཟོས་ཏེ།  སྤུས་བཟང་མཐོ་འབྲིང་གི་སློབ་བསྡུ་དམིགས་ཚད་དེ་མངའ་ཁོངས་ནང་ཁུལ་དུ་འོས་འཚམ་བཀོད་སྒྲིག་བརྒྱབ་ནས་སློབ་འབྲིང་གི་བསྡུར་ཚད་བརྒྱ་ཆའི་༥༠ལས་ཉུང་མི་རུང་བའི་བླང་བྱ་དོན་འཁྱོལ་དགོས་པ་མ་ཟད།  ཉམས་ཞན་པའི་སློབ་འབྲིང་དང་ཞིང་གྲོང་གི་སློབ་འབྲིང་དུ་ཡང་སྤུས་བཟང་སློབ་བསྡུ་འོས་འཚམ་ལག་བསྟར་བྱ་དགོས་པ་དང་།  དམངས་གཉེར་སློབ་གྲྭའི་སློབ་བསྡུ་སློབ་ཞུགས་ཀྱི་ལས་ཀ་དེ་ས་གནས་དེའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱི་གཅིག་གྱུར་དོ་དམ་ཁྲོད་བླངས་ནས་གཞུང་གཉེར་སློབ་གྲྭ་དང་མཉམ་དུ་སློབ་མ་བསྡུ་ལེན་བྱེད་དགོས།

གཉིས་པ་ནི། རིགས་ཚོགས་མི་གཅིག་པའི་སློབ་ཞུགས་ལ་གཅིག་གྱུར་འགན་སྲུང་བྱེད་དགོས།  གཞིས་སྡོད་ལག་འཁྱེར་ལ་གཞི་བཅོལ་བའི་འོས་འགན་སློབ་གསོའི་ནང་ཕ་མ་དང་མཉམ་དུ་གནས་སྤོས་པའི་བུ་ཕྲུག་གི་སློབ་ཞུགས་སྲིད་ཇུས་མྱུར་དུ་བཏོན་ནས་ཡུལ་གཞན་མཉམ་སྤོས་ཀྱི་བུ་ཕྲུག་གིས་འོས་འགན་སློབ་གསོ་མྱངས་རྗེས་སུ་ཡུལ་དེ་ག་ནས་རྒྱུགས་ཞུགས་ཆོག་པའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས།

གསུམ་པ་ནི།  སློབ་གསོའི་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག་རྒྱག་དགོས། མངའ་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་འགྲོ་འོང་དང་། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་དང་འཕེལ་སྟངས་ལ་གཞིགས་ནས་སློབ་གྲྭ་ཆུང་འབྲིང་གི་བཀོད་པའི་ཐད་ལ་འཆར་འགོད་ལུགས་མཐུན་བཟོས་ནས་སློབ་གྲྭ་འཛུགས་གཉེར་ཐད་སློབ་གནས་འདང་ངེ་བ་ཞིག་མཁོ་འདོན་འགན་སྲུང་བྱེད་དགོས། འཛིན་གྲྭ་ཆེ་ཤོས་དང་སློབ་གྲྭ་ཆེ་ཤོས་ཀྱི་སློབ་མའི་གྲངས་འབོར་ལ་ཚོད་འཛིན་བྱས་ཐོག  ༢༠༡༨ལོར་འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ནང་སློབ་གྲྭས་འཛིན་གྲྭ་གཅིག་ལ་སློབ་མ༦༦ཡོད་པ་ལྟ་བུའི་སློབ་མ་མང་བོ་ཅན་གྱི་འཛིན་གྲྭ་མི་བསྡུ་བ་འགན་ལེན་བྱེད་དགོས།  གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་ཐོག་དགེ་རྒན་བཀོད་སྒྲིག་བརྒྱབ་ཏེ། རྫོང་གིས་སློབ་གྲྭའི་དགེ་རྒན་གདན་ཞུ་དང་དོ་དམ་བྱེད་སྟངས་ཀྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་དགོས།

བརྡ་སྦྱོར་ནང་།  འོས་འགན་སློབ་གསོའི་རིན་མེད་སློབ་ཞུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་སློབ་བསྡུ་རྒྱུགས་ལེན་ལ་དོ་དམ་ནན་མོ་བྱེད་དགོས།  ས་གནས་གྲོང་ཁྱེར་དང་རྫོང་(ཁུལ)ཡོངས་ལ་འོས་འགན་སློབ་གསོའི་རིན་མེད་སློབ་ཞུགས་སྲིད་ཇུས་ཁྱོན་ཡོངས་སུ་ཁྱབ་གདལ་བཏང་སྟེ།  འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ནང་གི་སློབ་གྲྭའི་རིག་ཚན་སོ་སོར་ཞབས་ཞུ་བྱ་ཡུལ་ཁྱབ་ཁོངས་བགོས་ཐོག     སློབ་གསོའི་ཐོན་ཁུངས་ཀྱི་བཀོད་སྒྲིག་དོ་མི་མཉམ་པ་དང་།  སློབ་གྲྭ་འདེམ་གསེས་ཀྱི་ཆ་ལ་ཧ་ཅང་རྔམ་དྲག་པའི་ས་གནས་སུ་སློབ་གྲྭ་མང་པོ་བཀོད་སྒྲིག་རྒྱག་དགོས། སློབ་གནས་སྟོང་བའམ་ལྷག་མར་གྱུར་བའི་གཞུང་གཉེར་སློབ་གྲྭ་གྲགས་ཅན་དང་ཐོ་འགོད་མི་འབོར་སློབ་བསྡུའི་མི་གྲངས་དང་བརྒལ་བའི་དམངས་གཉེར་སློབ་གྲྭས་རྩིས་འཁོར་གྱི་གོ་གནས་སྒྲིག་སྟངས་ལྟ་བུའི་བྱེད་ཐབས་སྤྱད་དེ་སློབ་མ་བསྡུ་ཐབས་ལ་འཁྲིད་སྟོན་བྱས་ཆོག    དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་མ་བསྡུ་བའི་གཞི་ཁྱོན་རིམ་བཞིན་ཇེ་ཆུང་དུ་བཏང་སྟེ། ༢༠༢༠ལོའི་སྔོན་ལ་སློབ་མ་འདི་རིགས་བསྡུ་མཚམས་གཅོད་དགོས།   མཐོ་འབྲིང་དཀྱུས་མའི་སློབ་གྲྭའི་རང་བདག་གི་སློབ་བསྡུ་བྱེད་ཐབས་དང་གོ་རིམ་དག་ཚད་ལྡན་དུ་བཏང་ནས་བསྡུར་ཚད་ལ་ཚོད་འཛིན་དམ་པོ་བྱེད་དགོས།  འབྲིང་རྒྱུགས་ནང་སྐར་མ་སྣོན་པའི་རྣམ་གྲངས་མུ་མཐུད་ནས་མཐའ་སེལ་དང་ཡང་ན་ཚད་ལྡན་དུ་བཏང་སྟེ། ལུས་རྩལ་དང་སྒྱུ་རྩལ་ལ་སོགས་པའི་ཐད་ཀྱི་སྐར་མ་སྣོན་པའི་རྣམ་གྲངས་ཆ་ཚང་མེད་པར་བཏང་མེད་པ་རྣམས་༢༠༡༨ལོའི་སློབ་འབྲིང་གི་སློབ་མ་གསར་བ་བསྡུ་སྐབས་མེད་པར་གཏང་དགོས་བ་སོགས་ཀྱི་བླང་བྱ་བཏོན་འདུག

གཞན་ཡང་བརྡ་སྦྱོར་ནང་ནན་འགོག་བཅུའི་སྒྲིག་ལམ་དོན་འཁྱོལ་ནན་མོ་བྱས་ཏེ། ལྟ་སྐུལ་འགན་འདེད་ཁྱོན་ཡོངས་ནས་ཇེ་དྲག་དང་སྒྲིག་བཤེར་ཞུ་གཏུག་དང་གཏུག་ཞུ་དང་ལེན་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ངན་པ་རྩད་གཅོད་ནན་མོ་བྱེད་དགོས་པ་དང་། མཇུག་འབྲས་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོ་མཁན་གྱི་སློབ་གྲྭ་དག་ལས་དོན་རྐྱེན་གྱི་ཚབས་ཆེ་ཆུང་ལ་བལྟས་ཏེ་ཁ་ཆད་སློབ་གསོ་གཏོང་བ་དང་།  ཁྲོམ་བསྒྲགས་ཡོ་བསྲང་བྱེད་པ།  འབྲེལ་ཡོད་འགན་འཁུར་བར་འགན་འདེད་ལ་སོགས་པའི་ཆད་པ་འདྲ་མིན་གཅོད་དགོས། དམངས་གཉེར་སློབ་གྲྭ་དག་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལོ་རྗེས་མའི་སློབ་བསྡུ་གྲངས་འབོར་ཇེ་ཉུང་དང་ཡང་ན་དེ་སྔའི་སློབ་བསྡུ་མཚམས་འཇོག་ཏུ་བཅུག་ནས་ཐ་ན་སློབ་གཉེར་གྱི་འཐུས་ཆོག་དཔང་ཡིག་མེད་པར་བཟོ་བའི་ཆད་པ་འདྲ་མིན་གཅོད་དགོས་པ་བཅས་ནན་གྱིས་བསྟན་འདུག

ལོ་ཙཱ་བ།ཁོན་ཐར་འཚོ།